Thursday, May 23, 2013

༄༅། །ཨ་རུ་ན་ཅལ་དུ་བོད་དོན་ཞུ་གཏུག་ལས་འགུལ་མཇུག་བསྒྲིལ་ཞུས་པ།




ཨ་རུ་ན་ཅལ་མངའ་སྡེའི་ཞུ་གཏུག་ལས་འགུལ་དེར་སྤྱི་ཁྱབ་བློན་ཆེན་དང་སྲིད་དོན་ཚོགས་པ་ཁག་གི་དབུ་ཁྲིད་ཚོས་བོད་དོན་ཐོག་མཐའ་གཅིག་ཏུ་རྒྱབ་སྐྱོར་གནང་རྒྱུ་ཡིན་པའི་ཞལ་བཞེས་གནང་འདུག

དེ་ཡང་བོད་མི་སྤྱི་འཐུས་ལྷན་ཚོགས་ཀྱི་བྱང་ཤར་ཁུལ་གྱི་ཞུ་གཏུག་ལས་འགུལ་གྱི་མངའ་སྡེ་བདུན་པ་ཨ་རུ་ན་ཅལ་མངའ་སྡེའི་རྒྱལ་ས་ཨི་ཀྲ་ན་སྒར་དུ་གསར་འགོད་ལྷན་ཚོགས་གནང་བ་དང་འབྲེལ་མཇུག་བསྒྲིལ་ཞུས་འདུག
ཉིན་ལྔའི་ཞུ་གཏུག་ལས་འགུལ་དེར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་སྲིད་དོན་ཚོགས་པ་ཁག་གི་དབུ་ཁྲིད་ཁག་ནས་བོད་དོན་དཀའ་རྙོག་སེལ་ཐབས་སུ་དངོས་གསལ་དོད་པོའི་རྒྱབ་སྐྱོར་ཤུགས་ཆེ་ཡོང་བའི་འབོད་བསྐུལ་ཞུས་འདུག

ཕྱི་ཚེས་ ༢༠ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིངྒ་དང་།
རྒྱ་དམར་གྱི་སྲིད་བློན་ལི་ཁེ་ཆང་དབར་བཀའ་མོལ་གནང་བའི་སྐབས་ཨ་རུ་ན་ཅལ་མངའ་སྡེའི་རྒྱལ་ས་ཨི་ཀྲ་ན་སྒར་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་གསུམ་མངའ་སྡེ་དེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ན་བམ་ཏུ་ཀུ་(Shri
Nabam Tuku) མཆོག་གི་གཟིམ་ཤག་ཏུ་མཇལ་འཕྲད་ཞུས་འདུག
ཁོང་ནས་བོད་ནང་གི་བོད་མི་ཚོའི་སེམས་ཤུགས་ལ་གདུང་སེམས་མཉམ་སྐྱེ་ཡོད་པ་དང།
བོད་ནི་མངའ་སྡེ་དེའི་སྤྱི་ཚོགས་དང་རིག་གཞུང་གང་ཐད་ནས་འབྲེལ་བ་ཤུགས་ཆེ་ཡོད་པ་དང།
བཙན་བྱོལ་ནང་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ཀྱི་ཆོས་རིག་མུ་མཐུད་སྲུང་སྐྱོབ་གནང་བར་བསྔགས་བརྗོད་ཡོད་སྐོར།
རྒྱ་ནག་ནས་རྒྱ་དཀར་ནག་གི་ས་མཚམས་ཟེར་བཞིན་པ་དེ་བཞིན་དོན་དངོས་སུ་བོད་དང་རྒྱ་གར་གཉིས་ཀྱི་ས་མཚམས་ཡིན་སྐོར་སོགས་གསུངས་འདུག

དེ་ནས་སྐུ་ཚབ་ཚོས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང།
དབུས་གྲོས་ཚོགས་གོང་མའི་འཐུས་མི་ཡིན་པ་གང་ཞིག་ལ་ཀོང་རེ་སི་མངའ་སྡེའི་ཚོགས་གཙོ་སྐུ་ཞབས་མུ་ཀུཊ་མི་ཐི་
(Shri Mukut Mithi, Rajya Sabha Member of Parliament (Congress), and
former Chief Minister, and present president of Arunachal Pradesh
Congress Committee)མཆོག་མཇལ་འཕྲད་ཞུས་འདུག
ཁོང་ནས་གྲོས་ཚོགས་སུ་བོད་དོན་དང་འབྲེལ་བའི་གྲོས་ཆོད་སླེབས་ཚེ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན་པའི་ཞལ་བཞེས་གནང་འདུག
དེ་བཞིན་མངའ་སྡེའི་གྲོས་ཚོགས་འཐུས་མི་ལྷ་ལྕམ་ཀར་ཡ་བྷ་གངྒ་ (Smt. Karya
Bagang) མཆོག་དང། པ་སངས་རྡོ་རྗེ་སོ་ན་ (Shri Passang Dorjee Sona)
བཅས་མཇལ་བའི་སྐབས་སྤྱི་ཚོགས་དང་རིག་གཞུང་གཅིག་གྱུར་ལ་སོང་རྒྱབ་སྐྱོར་གཙང་མ་གནང་ཐུབ་གནས་གསུངས་འདུག

བློན་ཆེན་དང་གྲོས་ཚོགས་འཐུས་མི་ ༥༨
མངའ་སྡེའི་ནང་དུ་གྲོང་སྡེ་ལྷན་ཚོགས་དང།
གྲོང་གསེབ་སྤྱི་མི་འོས་བསྡུ་དང་སྟབས་འཁེལ་ལ་སོང་མཇལ་འཕྲད་མ་ཐུབ་སྟབས་བོད་དོན་དཀའ་རྙོག་གི་ཞུ་གཏུག་སྙན་ཞུ་སྦྲག་ལམ་བརྒྱུད་ནས་བསྐུར་གནང་འདུག

དེ་བཞིན་ཕྱི་ཚེས་ ༢༠
ཉིན་མངའ་སྡེའི་ནང་གི་སྲིད་དོན་ཚོགས་པ་ཁག་བཞིའི་ལྷན་དུ་བོད་དོན་དཀའ་རྙོག་སེལ་ཐབས་སུ་ཆུ་ཚོད་གསུམ་ཙམ་རིང་བགྲོ་གླེང་ཚོགས་འདུ་གནང་འདུག
ཚོགས་འདུ་དེའི་ནང་ཆབ་སྲིད་ཚོགས་པ་མཉམ་ཞུགས་གནང་མཁན་ཁག་ནི།
ཀོང་རེ་སི་ཚོགས་པའི་བརྒྱུད་ལམ་སྡེ་ཚན་གྱི་ཚོགས་གཙོ་དང་བློན་ཆེན་ཟུར་པ་སྐུ་ཞབས་ཐུབ་བསྟན་བསྟན་པ་
(Shri Thupten Temba, former Minister and current Chairman of Media
Department, APCC(INC),   མཆོག་དང་།
བི་ཇེ་པ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཏ་ཡི་ཏ་ག་ (Shri Tai Taga, State
President,  BJP))
མཆོག་ཨེན་སི་པི་ཚོགས་པའི་ཚོགས་གཙོ་དང་བློན་ཆེན་ཟུར་པ་སྐུ་ཞབས་ཁ་ཕ་བེན་གི་ཡ་
(Shri Khafa Bengia, former Minister and current President of NCP, མཆོག
 ས་གནས་ཀྱི་ཚོགས་པ་པི་པོལ་ས་པར་ཀྲི་ཨོབ་ཨ་རུ་ན་ཅལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཀ་མིང་རིན་གུ་
(Shri Kameng Ringu, President of
PPA)མཆོག་དང་ཚོགས་པ་སོ་སོའི་དྲུང་ཆེ་(PPA)བཅས་ལྷན་བཅར་ཞུས་འདུག

ཚོགས་འདུ་དེའི་ནང་གནད་དོན་མང་པོ་ཞིག་བགྲོ་གླེང་གནང་ཞིང།
དེའི་ནང་ནས་གནད་འགག་ཅན་ཆུ་དང། ས་མཚམས་བཅས་ཀྱི་ཐོག་བོད་དང་རྒྱ་གར་དང་།
དམིགས་བསལ་ཨ་རུ་ན་ཅལ་མངའ་སྡེར་དོ་ཕོགས་ཇི་ཡོད།
གཙང་པོ་ནི་ཨ་རུ་ན་ཅལ་མང་ཚོགས་ཀྱི་འཚོ་རྟེན་དང་ཐད་ཀར་འབྲེལ་བ་ཡོད་པ་མ་ཟད།
མ་འོངས་པར་རྒྱ་གར་གྱི་གློག་ཤུགས་ཡར་རྒྱས་ཀྱི་འཆར་གཞིའི་ཐོག་ལའང་གལ་གནད་ཅན་ཞིག་ཆགས་ཡོད་སྐོར་བཅས་ཀྱི་ཐོག་བཀའ་མོལ་ཞིབ་ལྷུག་གནང་འདུག་པ་མ་ཟད།
མངའ་སྡེའི་གྲོས་ཚོགས་སུ་གྲོས་ཆོད་ཡོང་རྒྱུའི་ཆེད་ཚོགས་པ་ཐུན་མོང་གིས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལ་ཞུ་སྙན་འབུལ་རྒྱུ་གནང་འདུག
དེ་བཞིན་ཚོགས་པ་ཚང་མས་བོད་དོན་ཐོག་གཅིག་གྱུར་གྱིས་རྒྱབ་སྐྱོར་ཡོད་གནས་གསུངས་འདུག
ཚོགས་འདུ་དེ་ནི་མངའ་སྡེ་དེའི་གསར་དུ་བཙུགས་པའི་དོན་རྒྱབ་སྐྱོར་ཚོགས་པ་ནས་གོ་སྒྲིག་གནང་འདུག
ཚོགས་པ་དེའི་འགན་ཁུར་བཞེས་མཁན་ཁག་ནི།
བློན་ཆེན་ཟུར་པ་སྐུ་ཞབས་ཨ་ནུག་དབང་ས་ (Mr. Anok Wangsa (former
Minister), མཆོག་དང།
ཨེན་སི་པི་མངའ་སྡེའི་ཚོགས་གཙོ་ཟུར་པ་སྐུ་ཞབས་ཏ་ཆོ་ཀ་བག་(Mr. Tacho Kabak
,former NCP President)མཆོག
ཀོང་རེ་སི་ཚོགས་པའི་ཁོངས་སུ་ཡོད་པ་སྐུ་ཞབས་ཀར་པག་སོ་ར་མཆོག་དང།
ཉི་མ་སེངྒེ་བཅས་ཡིན་འདུག (Mr. Karpak Sora (APCC) and Nima Sange APCC)

 བྱང་ཤར་ཁུལ་གྱི་ཞུ་གཏུག་ལས་འགུལ་དང་པོ་དེ་བཞིན་ནུབ་བྷེང་གོལ་དང།
ཨོ་ཌི་ཤཱ། ཆ་ཏིས་སྒར། ཇར་ཁནྜ་བཅས་ཡིན་པ་དང།
ཞུ་གཏུག་ཐེངས་གཉིས་པའི་ཚོགས་གཙོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དང་སྤྱི་འཐུས་པདྨ་འབྱུང་གནས་དང།
སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར།
སྤྱི་འཐུས་ཟླ་སྒྲོན་ཤར་གླིང་བཅས་ནས་འབྲས་ལྗོངས་མངའ་སྡེ་དང་། ཨ་སམ།
ཨ་རུ་ན་ཅལ་ཚར་ནས་མཐའ་མ་དེ་མེ་གྷ་ལ་ཡ་ལ་སྐོར་བསྐྱོད་གནང་རྒྱུ་རེད་འདུག

Wednesday, May 22, 2013

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ལོ་འཁོར་སྙན་ཐོའི་ནང་བོད་མིའི་ཆོས་དད་རང་དབང་ལ་དམ་བསྒྲགས་ཧ་ཅང་ཡོད་སྐོར་ཞིབ་ཕྲ་འཁོད་པ།



༄༅། །ཨ་རིའི་ཕྱི་སྲིད་ལས་ཁུངས་ US State Department ཀྱིས་ལོ་ལྟར་འཛམ་གླིང་གི་ས་ཕྱོགས་གང་སའི་རྒྱལ་ཁབ་འདྲ་མིན་གྱི་ཆོས་དད་རང་ དབང་གི་གནས་སྟངས་སོགས་ལ་རྟོགས་ཞིབ་གནང་སྟེ་ལོ་འཁོར་སྙན་ཐོ་ཞིག་འདོན་སྤེལ་ གནང་གི་ཡོད་པ་ལྟར། ཕྱི་ལོ་ ༢༠༡༢ ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལོ་འཁོར་སྙན་ཐོ་དེ་བཞིན་

ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༠ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཇོན་ཀེ་རི་ (John Kerry) མཆོག་དབུ་བཞུགས་ཐོག་ཡོངས་གྲགས་གསལ་བསྒྲགས་སྤེལ་ཡོད།
དེ་ཡང་སྙན་ཐོའི་ནང་བོད་ནང་གི་བོད་མི་ཚོའི་ཆོས་དད་རང་དབང་ཐོག་རྒྱ་ནག་གཞུང་ གིས་དམ་བསྒྲགས་ཤུགས་ཆེ་བྱས་དང་བྱེད་མུས་ཡིན་པའི་ཁར། དེ་བཞིན་སྤྱི་ཚོགས་ནང་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་བྱས་དང་ བྱེད་མུས་ཡིན་པའི་ར་སྤྲོད་གནང་ཡོད། རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་ལ་བརྩི་བཀུར་དང་སྲུང་སྐྱོབ་བྱེད་ རྒྱུའི་ལས་འགན་དེ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་ཐོག རྒྱ་གཞུང་དཔོན་རིགས་ཚོས་བོད་ཀྱི་དགོན་སྡེ་གྲྭ་ཚང་ཁག་གི་ནང་ཆོས་ཕྱོགས་ཀྱི་ བྱེད་སྒོར་ཐེ་བྱུས་བྱས་ཏེ་དགེ་བཙུན་རྣམས་ཀྱི་འགྲོ་སྡོད་དཔྱོད་གསུམ་ལ་འགོག་ རྐྱེན་ཆེན་པོ་བཟོ་བཞིན་ཡོད་སྐོར་འཁོད་དོན།

རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོར་ལོ་འཁོར་མར་དྲག་གནོན་བྱེད་བཞིན་ ཡོད་པ་མ་ཟད། ཆོས་ཕྱོགས་དང་ཆབ་སྲིད་ཀྱི་དུས་དྲན་གལ་ཆེའི་ཉིན་དམིགས་བསལ་དམ་བསྒྲགས་བྱེད་ བཞིན་ཡོད། རྒྱ་ནག་གཞུང་གིས་བོད་མིའི་ནང་ཆོས་ལ་དད་པ་བྱེད་རྒྱུའི་ཆོས་དད་རང་དབང་ཐོག་ཐེ་ བྱུས་བྱས་པ་འདིས་བོད་མི་ཚོར་དཀའ་ངལ་མུ་མཐུད་བཟོ་བཞིན་ཡོད། དེར་བརྟེན་སྔ་ལོའི་ནང་བོད་མི་རང་ལུས་མེར་སྲེག་གཏོང་མཁན་གྱི་གྲངས་འབོར་ཇེ་ མང་དུ་ཕྱིན་ཡོད།
དེ་བཞིན་སྤྱི་ཚོགས་ཀྱི་གནས་སྟངས་ཆ་ནས་ཀྱང་བོད་མི་རྣམས་ལ་ལས་ཀའི་གོ་སྐབས་དང། མགྲོན་ཁང་ནང་ཁང་པ་གཡར་རྒྱུ། དེ་བཞིན་ཚོང་ལས་སོགས་གང་ཅིའི་ཐོག་དབྱེ་འབྱེད་བྱེད་ཀྱི་ཡོད་པའི་གནས་ཚུལ་ཇེ་ མང་འཐོན་བཞིན་ཡོད། བོད་པའི་དགེ་བཙུན་རྣམས་ཀྱི་འགྲོ་སྡོད་ཐོག་རྒྱ་མིའི་ཉེན་རྟོག་པས་གང་བྱུང་ བསྔོག་བཤེར་དང་སུན་གཙེར་བཟོ་བཞིན་ཡོད། དེར་བརྟེན་ཁོང་རྣམས་གྲྭ་ཆས་མ་གྱོན་པར་སྐྱ་ཆས་གྱོན་ཏེ་འགྲོ་དགོས་པའི་གནས་ སྟངས་ཆགས་ཡོད། ཅེས་འཁོད་པ་དང།

གཞན་ཡང་སྙན་ཐོ་དེའི་ནང་འཁོད་དོན། ཨ་རིའི་གཞུང་ནས་རྒྱ་ནག་གཞུང་གི་དཔོན་རིགས་ཆེ་འབྲིང་ཆུང་གསུམ་ལ་བོད་མིའི་ ཆོས་དད་རང་དབང་ལ་བརྩི་བཀུར་ཞུ་དགོས་པ་དང་། བོད་མི་རྣམས་ལ་སོ་སོའི་ཆོས་ལུགས་ཉམས་ལེན་བྱ་རྒྱུ་དང་། དེ་བཞིན་ནང་ཆོས་སློབ་གཉེར་བྱེད་རྒྱུའི་རང་དབང་སྤྲོད་དགོས་པའི་འབོད་སྐུལ་རབ་ དང་རིམ་པ་ཞུས་ཡོད་པ་མ་ཟད། བོད་ཀྱི་གནད་དོན་སེལ་ཆེད་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་ཁོང་གི་ སྐུ་ཚབ་དང་ལྷན་དོན་ཕན་ལྡན་པའི་གྲོས་མོལ་ཞུ་དགོས། ཞེས་འཁོད་པ་མ་ཟད། བོད་མིའི་ཆོས་དང་རིག་གཞུང། སྐད་ཡིག་སོགས་ཀྱི་ཐོག་འཛིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་འཕྲལ་དུ་མཚམས་ འཇོག་དགོས་པའི་དགོས་འདུན་ཡང་བཏོན་ཡོད། མཐར་སྙན་ཐོ་དེའི་ནང་ཨ་རིའི་གཞུང་ནས་ཕྱི་ལོ་ ༢༠༡༡ ཟླ་བ་ ༥ ནང་ཨ་རི་གཞུང་གི་སྐུ་ཚབ་མི་སྣ་བོད་རང་སྐྱོང་ལྗོངས་ཁུལ་དུ་བསྐྱོད་ཐུབ་ཡོད་ ཀྱང། དུས་དེ་ནས་བཟུང་ད་བར་ཨ་རི་གཞུང་གི་རྟོགས་ཞིབ་མི་སྣ་བོད་ནང་བསྐྱོད་རྒྱུར་ ཆོག་མཆན་ཐེངས་བཅུ་ཙམ་ཞུས་ཡོད་ཀྱང་རྒྱ་གཞུང་གིས་ཆོག་མཆན་གཅིག་ཀྱང་སྤྲད་མེད། ཅེས་འཁོད་ཡོད་འདུག

Tuesday, May 21, 2013

བོད་བཙན་པོའི་རྒྱལ་རབས་ཀྱི་གནའ་རྫས་ནང་ཆེས་སྔ་པའི་ཅོང་ཆེན་པོ་ཞིག་གསར་དུ་རྙེད་པ།



 ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ལྷ་མཆོག་རྒྱལ་གྱིས་ད་ཡོད་བོད་བཙན་པོའི་རྒྱལ་རབས་ཀྱི་གནའ་རྫས་ནང་ཆེས་སྔ་ཤོས་ཡིན་པའི་ཅོང་ཆེན་པོ་ཞིག་གསར་དུ་རྙེད་པ།
     དྲིལ་ཆེན་ཁྲོ་ཟངས་འདྲེས་མས་གྲུབ་པ་དེའི་ལྗི་ཚད་སྤྱི་རྒྱ168ཡོད་པ་དང་།མཐོ་ཚད་ལ་ཀུང་ཧྥིན54ཡོད་ཅིང་།དྲིལ་ཁའི་ཁ་ཞེང་ལ་ཀུང་ཧྥིན52 དྲིལ་ཞབས་ཀྱི་འཕྲེད་ཞེང་ལ་ཀུང་ཧྥིན40 དྲིལ་ཆེན་དེའི་ཕྱི་དབྱིབས་ནི་པད་མ་འདབ་བརྒྱད་དུ་བཞེངས་ཡོད་ལ།པད་ལྕེ་རེ་རེའི་དྲིལ་བུའི་ཁ་བྱང་གི་གོང་དུ་སྟག་མགོའི་རི་མོ་སྤྲིན་རིས་དྲུག་བཀོད་ཡོད།ཁ་བྱང་ནི་བཙན་པོའི་དུས་སྐབས་ཀྱི་འབྲི་ཚུགས་དབུ་ཅན་གྱིས་ཚེག་གིས་བར་ཆོད་མེད་པར་གཡོན་ནས་གཡས་སུ་རྒྱུན་མར་བྲིས་ཡོད་ལ།ཁ་བྱང་འབྲི་མཁན་གྱི་མིང་གི་ཡིག་འབྲུ་མི་གསལ་བ་མ་གཏོགས་ཚང་མ་གསལ་ལྷང་ངེ་ངོས་འཇིན་ཐུབ།དྲིལ་བུའི་ཁ་བྱང་གི་ཚིག་གི་ཡི་གེ་གོ་བདེར་བཀྲལ་ན་འདི་ལྟར་ཡིན་ཏེ།བོད་ཀྱི་ལྷ་བཙན་པོ་ཁྲི་ལྡེ་གཙུག་བཙན་སྤུན་མཆེད་གཉིས་ཀྱི་སྐུ་ཡོན་དུ་བསྔོ་བའི་ཕྱིར།ཞང་བློན་ལྷ་སྒྲ་རྒྱལ་སླེབས་ཕ་སྤད་གཉིས་ཀྱིས་ཇག་རོང་དགའ་ལྡན་བྱིན་ཆེན་གཙུག་ལག་ཁང་གི་མཆོད་པའི་རྐྱེན་དུ་དྲིལ་བུ་ཆེན་པོ་ཞིག་ཕུལ་བའི་དགེ་བའི་ཕན་ཡོན་གྱིས་ཡོན་བདག་དང་སེམས་ཅན་ཐམས་བཅད་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུ་ཐོབ་པར་སྨོན་ནོ།།
    དྲིལ་བུ་འདི་ལྕགས་ཀོང་་་་་་གིས་ཡི་གེ་བྲིས་ཤིང་དགེ་སློང་ཆོས་ཕྲིན་གྱིས་བླུགས་སོ་ཞེས་པ་དང་།ཚིག་འབྲུ་དོན་གྲངས་ཙམ་ལས་མེད་ཀྱང་གོང་ལྷ་བཙན་པོ་དང་བར་ཞང་བློན།འོག་དྲིལ་ཆེན་བླུགས་མཁན་སོགས་མི་སྣ་དྲུག་དང་འབྲེལ་བ་དམ་པོ་ཡོད་པས་བོད་བཙན་པོའི་རྒྱལ་རབས་ཀྱི་ལོ་རྒྱུས་ནང་དོན་ཧ་ཅང་ཕུན་སུམ་ཚོགས་པ་ཞིག་འདུས་ཡོད་པས་ན།བོད་ཀྱི་མཁས་དབང་ཨ་ལགས་དོར་ཞི་ཚང་གིས་དྲིལ་ཆེན་དེ་དང་དཔྱད་རྩོམ་དེ་ནི་བོད་རིག་པ་ཞིབ་འཇུག་ལ་མཚོན་ན་རིན་ཐང་ཆེན་པོ་ལྡན་ཞིང་བོད་ཀྱི་ལོ་རྒྱུས་ཡང་བསྐྱར་འབྲི་དགོས་བྱུང་བར་ཐུག་ཡོད་ཅེས་ལོ་རྒྱུས་རིག་པ་བ་དག་ལ་ཚ་ལང་བར་བྱེད་པའི་སྐད་ཆ་ལབ་ནས་ཡོད་པ་རེད།།
   གསར་འགོད་པས་དགེ་རྒན་ལྷ་མཆོག་རྒྱལ་ལ་གནའ་རྫས་འདི་འདྲ་གལ་ཆེན་ཞིག་ཁྱེད་ཀྱིས་གང་ནས་ཪྙེད་པ་ཡིན་ཞེས་དྲིས་པར།ཁོང་གིས་“གཞེས་ནིང་ལོར་གནའ་རྫས་ཚོང་ར་ཞིག་ཏུ་འཆམ་འཆམ་དུ་འགྲོ་དུས་རྙེད་ཅིང་བླུས་པ་ཡིན”ཟེར་ལ།གནའ་དྲིལ་སྟེང་བཙའ་ཆགས་པའི་ཚད་ལ་བརྟག་ནས་ཅོང་ཆེན་དེ་ཡོན་རྒྱལ་རབས་སྐབས་སུ་ཇག་རོང་དགོན་ནས་དམངས་ཁྲོད་དུ་འཁྱམས་ཏེ་ས་འོག་ཏུ་སྦས་པ་ཞིག་ཏུ་བཤད་དོ།།   ཅོང་འདི་ནི་ཕལ་ཆེར་སྤྱི་ལོ་712ལོར་བཙན་པོ་སྲོང་བཙན་སྒམ་པོའི་ཡང་ཚ་ཁྲི་གཙུག་ལྡེ་བཙན་བོད་བཙན་པོའི་རྒྱལ་བོའི་ཁྲིར་བཀོད་རྗེས་ཀྱི་ཅུང་མ་འགོར་བའི་དུས་སུ་བཞེངས་པ་ཡིན་ལ།ད་ལྟ་བསམ་ཡས་གཙུག་ལག་ཁང་དང་།ཁྲ་འབྲུག་དགོན།བྲག་ཡེར་བའི་དགོན་དུ་ཡོད་པའི་བོད་བཙན་པོའི་རྒྱལ་རབས་ཀྱི་དྲིལ་ཆེན་གསུམ་ནི་སྤྱི་ལོ779ལོའི་རྗེས་སུ་བཞེངས་བ་ཡིན་ཡང་།ད་ཡོད་ཀྱི་བོད་བཙན་པོའི་རྒྱལ་རབས་ཀྱི་རྡོ་རིང་དང་ཅོང་ཆེན་ཉི་ཤུ་ལྷག་ཡོད་པའི་ནང་ཚུད་མེད་པ་མ་ཟད་ད་དུང་ཆེས་སྔ་ཤོས་དེར་གྱུར་ཡོད།དེའི་རྐྱེན་གྱིས་ཅོང་ཆེན་འདི་ལ་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་ཞིང་།གནའ་དྲིལ་འདིའི་གནའ་དང་མའི་མཆོད་གནས་ནི་དེའི་སྟེང་གི་ཁ་བྱང་ཡི་གེ་ལྟར་ཇག་རོང་དགའ་ལྡན་བྱིན་ཆགས་གླིང་ཡིན་ལ།ཇག་རོང་ཟེར་བ་དེ་དཔའ་རིས་གཞུང་དྲུག་གམ་ལུང་དྲུག་གི་ཡ་གྱལ་ཞིག་ཡིན་ཡང་།གནའ་དགོན་དེ་དེང་ཡང་དཔའ་རིས་བོད་རང་སྐྱོང་རྫོང་ཡར་ལུང་ཐུར་ཆེན་དགོན་གྱི་དང་མའི་རྨང་གཞི་ཡིན་ཚོད་ཆེ།ཡར་ལུང་དགོན་འདི་ལོ་རྒྱུས་ཐོག་དར་རྒུད་གང་མང་བྱུང་ཡོད་ལ་མདོ་སྨད་ཆོས་འབྱུང་ཐོག་ཇག་རོང་ཡར་ལུང་ཐུར་ཆེན་དགོན་དགའ་ལྡན་བྱམས་པ་གླིང་ཞེས་པ་ལས་གནའ་དགོན་གྱི་མིང་དང་ཆ་འདྲ་ས་མང་།དེར་མ་ཟད་ད་ལྟ་བོད་ཀྱི་དེབ་ཐེར་དང་བོད་རིག་པའི་ཞིབ་འཇུག་པ་ཚོས་བོད་དུ་དགོན་པ་སྔ་ཤོས་བསམ་ཡས་གཙུག་ལག་ཁང་དང་རབ་བྱུང་བ་ཐོག་མ་སད་མི་མི་བདུན་ཡིན་པ་གཅིག་མཐུན་གྱི་ལྟ་ཚུལ་དུ་གྲུབ་ཡོད་མོད།འོན་ཀྱང་དྲིལ་བུ་འདིའི་ཁ་བྱང་ཡི་གེ་ལ་དཔྱད་ན་དུས་དེའི་སྔོན་ལ་དཔའ་རིས་སུ་བོད་ཀྱི་དགོན་སྡེ་དང་གྲྭ་བཙུན་སོགས་ཡོད་ཚོད་འདུག་པ་སོགས་དགེ་མཚན་གསར་བའི་ལོ་རྒྱུས་ཀྱི་ཤོག་ལྷེ་གལ་ཆེན་ཞིག་ཁ་ཕྱེས་ནས་ཡོད་དོ།།

༅༅།། ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༧ ནས་ ༢༩ བར་ཁེ་ཎ་ཌའི་གྲོང་ཁྱེར་ཨོ་ཊ་ཝར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་ རྒྱབ་སྐྱོར་ཚོགས་ཆེན་ཐེངས་དྲུག་པ།



༅༅།། ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༧ ནས་ ༢༩ བར་ཁེ་ཎ་ཌའི་གྲོང་ཁྱེར་ཨོ་ཊ་ཝར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་ རྒྱབ་སྐྱོར་ཚོགས་ཆེན་ཐེངས་དྲུག་པ་སྐོང་ཚོགས་བྱས་ཤིང་། ཚོགས་ཐོག་ཏུ་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཕེབས་ཏེ་བཀའ་སློབ་སྩལ། ཚོགས་འདུའི་ཉིན་མཐའ་མར་ཚོགས་བཅར་བ་ཡོངས་ཀྱིས་གཤམ་གསལ་སྤྱི་མོས་བསྒྲགས་གཏམ་ གཏན་འབེབས་གནང་སྟེ། བོད་ཀྱི་རྩ་དོན་ཐད་མུ་མཐུད་དེ་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་བ་རེད།

ངེད་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དྲུག་ པའི་སྐུ་ཚབ་རྣམས་ཡུལ་ཁེ་ཎ་ཌའི་རྒྱལ་ས་ཨོ་ཊ་ཝར་ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༧ ནས་ ༢༩ བར་ལྷན་འཛོམས་ཀྱིས་དེ་སྔ་གྲོང་ཁྱེར་ལྡི་ལི་དང༌། ཝིལ་ནིའུས། ཝ་ཤིང་ཀྲོན་ཌི་སི། ཨེ་དྲིན་སྦག རོམ་བཅས་སུ་ཚོགས་པའི་ཚོགས་ཆེན་ལྔའི་གྲུབ་དོན་དང་ཆོད་དོན། དེ་དག་གི་རྗེས་འབྲེལ་བྱེད་སྒོ་ལས་རིམ་དང་གྲུབ་འབྲས་ཁག་ལ་བསྐྱར་བལྟ་ཞུས་པ་དང།

བོད་ནང་གི་ཚབས་ཆེའི་ཛ་དྲག་གནས་སྟངས་དང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ཐོག་བཟུང་བའི་སྲིད་བྱུས་ཐོག་བསྐྱར་ཞིབ་ཞུས་པ།

ཕྱི་ ལོ་ ༢༠༠༩ ཟླ་ ༡༡ ནང་རྒྱལ་ས་རོམ་(Rome)དུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་ སྐྱོར་ཚོགས་ཆེན་འཚོགས་པ་ནས་བཟུང་ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་རྒྱ་ ནག་སྲིད་གཞུང་བར་གྱི་འབྲེལ་མོལ་ལ་ཡར་རྒྱས་མདུན་སྐྱོད་མེད་པར་བློ་ཕམ་བྱུང་བ།

བོད་མིའི་རིག་གཞུང༌དང་སྐད་ཡིག སེམས་དོན་རིག་པའི་སྲོལ་རྒྱུན་བཅས་ནི་འགྲོ་བ་མིའི་རིགས་ལ་རླབས་ཆེན་གྱི་རིན་ཐང་ཡོད་པར་ངེས་པ་བསྐྱར་བརྙེད་བྱུང་བ།

ྋགོང་ ས་ཏཱ་ལའི་བླ་མ་མཆོག་གིས་དབུ་ཁྲིད་འོག་བཙན་བྱོལ་བོད་གཞུང་ནང་མང་གཙོ་ཅན་དུ་ བསྒྱུར་བའི་བརྒྱུད་རིམ་གནད་ཆེ་ལེགས་གྲུབ་བྱུང་བ་དང་། ལྷག་པར་ཉེ་ཆར་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་གང་གི་ཆབ་སྲིད་སྐུ་དབང་ཡོངས་ རྫོགས་མི་མང་གིས་འོས་འདེམས་ཞུས་པའི་བཀའ་བློན་ཁྲི་པ་དང། བོད་མིའི་མངོན་འདོད་མཚོན་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་འགོ་ འཁྲིད་རྣམ་པར་རྩིས་སྤྲོད་གནང་བར་ཆེ་བསྟོད་ངོས་འཛིན་ཞུས་པ།

རྒྱ་ ནག་སྲིད་གཞུང་དང་བོད་མི་མང་བར་གྱི་དཀའ་རྙོག་གྲོས་མོལ་གྱི་ལམ་ནས་སེལ་བར་༸ གོང་ས་ཏཱ་ལའི་བླ་མ་མཆོག་གི་ནུས་པ་ནི་ད་དུང་ཡང་མུ་མཐུད་མེད་ཐབས་མེད་པ་ཡིན་ པར་ཡིད་ཆེས་ངེས་བརྙེད་བྱུང་བ།

དེ་ཕྱིར་ང་ཚོས།
བོད་ རྒྱའི་དཀའ་རྙོག་འདི་ཉིད་རྒྱ་ནག་གཞུང་གི་ཆེས་མཐོའི་འགོ་ཁྲིད་དང་། ྋགོང་ས་ཏཱ་ལའི་བླ་མ་མཆོག་གམ་གང་ཉིད་ཀྱི་སྐུ་ཚབ་དང་མང་གཙོའི་ལམ་ནས་འོས་ འདེམས་བྱུང་བའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་འགོ་འཁྲིད་རྣམ་པའི་ དབར་ལྷག་བསམ་རྣམ་དག་དང་དོན་ཕན་ལྡན་པའི་གྲོས་མོལ་གྱི་ལམ་ནས་སེལ་ཐུབ་པའི་ཡིད་ ཆེས་བརྟན་པོ་ཡོད་པ་བསྐྱར་དུ་ནན་བཤད་བྱ་རྒྱུ་དང་།

རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འཛིན་པ་ཚོས། བོད་ནང་བོད་མིའི་མངོན་འདོད་དང་རྩ་བ་ནས་མི་མཐུན་པའི་སྲིད་བྱུས་གསར་པ་བཙན་ འགེལ་བྱེད་པས་མཚོན་ཕྱོགས་གཅིག་རྐྱང་པའི་ཁེ་ཕན་ཆེད་བྱ་སྤྱོད་རྩོམ་བཞིན་པ་ དེས། བོད་ཀྱི་དཀའ་རྙོག་སེལ་མི་ནུས་པའི་ཡིད་ཆེས་བརྟན་པོ་ཡོད་པ་གསལ་སྟོན་བྱ་རྒྱུ།

སྔ་ ལོ་བཀའ་བློན་ཁྲི་པ་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་འོས་ བསྡུའི་ལས་དོན་ཁག རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་འབྲེལ་མཐུད་ཁང་(INPAT)གི་འོས་ བསྡུ་བལྟ་རྟོག་ཚོགས་ཆུང་གི་གཟིགས་ཞིབ་འོག་གནང་སྟེ་ཚོགས་ཆུང་དེས་སྙན་ཐོ་ཡང་ བཏོན་ཡོད་པ་ལྟར། འོས་བསྡུའི་ལས་དོན་ཁག་རང་དབང་དང་དྲང་བདེན་གྱི་ལམ་ནས་གནང་བར་དགའ་བསུ་ཞུ་རྒྱུ།

རྒྱ་ རིགས་མི་མང་ནང་མང་གཙོའི་འཕོ་འགྱུར་གྱི་ལས་འགུལ་ཇེ་མང་དུ་འགྲོ་བཞིན་པ་དང་། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་སྲིད་ བྱུས་ལ་རྒྱ་རིགས་མང་ཚོགས་ཁྲོད་གོ་རྟོགས་དང་རྒྱབ་སྐྱོར་བྱེད་མཁན་ཇེ་མང་དུ་ འགྲོ་བཞིན་པར་རྗེས་སུ་ཡི་རང་ཡོད།

ཉེ་ཆར་ཨ་རབ་ཀྱི་ཡུལ་གྲུ་ མང་པོ་དང༌། བྷར་མ་སོགས་ནང་བྱུང་བའི་གནས་ཚུལ་མང་པོས་བདེན་དཔང་བྱས་པ་ལྟར། མང་གཙོའི་རང་དབང་གི་དགོས་འདུན་ནི་འགོག་ཐབས་མེད་པ་ཞིག་ཡིན་པ་དྲན་བསྐུལ་ཞུ་རྒྱུ།

གནས་ ཚུལ་ཁྱབ་སྤེལ་གྱི་རང་དབང་དང༌། དྲ་རྒྱས་མཚོན་པའི་གློག་རྡུལ་ཆ་འཕྲིན་གྱི་བརྒྱུད་ལམ་ཁག་ལ་བཀག་རྒྱ་མེད་དགོས་ པ་ནི། མང་གཙོའི་ལས་འགུལ་ལམ་ལྷོངས་ཡོང་བའི་གནད་ཆེའི་ཆ་རྐྱེན་ཡིན་པ་ངོས་འཛིན་ཤེས་རྟོགས་བྱུང་།

རྒྱ་ ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འཛིན་པ་ཚོས། བོད་ནང་མུ་མཐུད་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་ཚབས་ཆེན་བཏང་བ་དང་། བོད་མིའི་ཞི་བའི་ངོ་རྒོལ་ལ་དྲག་གནོན་ཤུགས་ཆེན་བྱེད་བཞིན་པར་བློ་འཚབ་བྱུང་།

རྒྱ་ ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འཛིན་པ་ཚོས། བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་ལ་རྨ་འབྱིན་པ་དང་། དེ་བཞིན་རིག་གཞུང་དང༌། སྐད་ཡིག། གོམས་སྲོལ། འཚོ་ཐབས། སྲོལ་རྒྱུན་སོགས་ཚུད་པའི་བོད་མིའི་ངོ་བོ་མཚོན་པའི་ཐུན་མིན་ཁྱད་ཆོས་ཁག་ལ་ གཏོར་སྐྱོན་དང་བཙན་གནོན་བྱེད་པའམ། ཡང་ན་དེ་དག་རྒྱུན་འཛིན་དང་གོང་སྤེལ་གྱི་ལས་དོན་ཉམས་དམས་སུ་བཏང་སྟེ། རིག་གཞུང་རྩ་མེད་ཀྱི་བསམ་སྦྱོར་མཚོན་པའི་སྲིད་བྱུས་དང་སྲིད་བྱུས་ལག་བསྟར་ བྱས་པར་མུ་མཐུད་དེ་སེམས་འཚབ་ཆེན་པོ་བྱུང་།

རྒྱ་གཞུང་གི་ སྲིད་བྱུས་ལ་ངོ་རྒོལ་དང༌། བོད་ནང་རང་དབང་བསྐྱར་གསོ། ྋགོང་ས་ཏཱ་ལའི་བླ་མ་མཆོག་བོད་ལ་གདན་ཞུ་བཅས་ཀྱི་ཆེད་དུ་བོད་མི་ཕོན་ཆེས་རང་ སྲེག་བྱས་པར་སེམས་སྡུག་དང་ཡིད་འགུལ་ཆེན་པོ་ཐེབས།

ཉེ་ཆར་དབང་ཐང་དང་ཤུགས་ རྐྱེན་ལྡན་པའི་དམར་ཤོག་ཚོགས་མི་འགས། བོད་དང་གྲངས་ཉུང་མི་རིགས་གཞན་རྣམས་ལ། རྒྱ་ནག་གི་རྩ་ཁྲིམས་ནང་རང་སྐྱོང་བྱས་ཆོག་པ་གསལ་བའི་ཆ་རྐྱེན་རྣམས་མེད་པ་བཟོ་ དགོས་པ་བརྗོད་ཅིང་། དེ་ནི་རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོད་འབྲས་བུ་ཧ་ཅང་ངན་པ་འབྱུང་གཞི་ཞིག་ཡིན་ པར་བརྟེན། བློ་གཡེང་ཆེན་པོ་བྱུང་།

དགོས་ངེས་ཀྱི་འགྱུར་བ་ ཡོང་ཆེད། རྒྱལ་སྤྱིའི་སྲིད་གཞུང་ཁག་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བར་ཕྱོགས་ གཉིས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐད་གྲོས་མོལ་བྱས་པ་དེ་ཚོས་ཕན་ནུས་མ་ཐོན་པར་ངོས་འཛིན་ཐོབ།

བོད་ ཀྱི་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐོག་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ ཐོབ་ཐང་ལྷན་ཚོགས་རང་ནས་དོན་ཕན་ལྡན་པའི་ཐབས་ལམ་གང་ཡང་ལག་བསྟར་མ་བྱས་པར་བློ་ ཕམ་ཡོད་ཀྱང་། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་དང༌། དེ་མིན་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེས་མཐོའི་ཆེད་གཉེར་ སྐུ་ཚབ་དང་ཆིངས་འདུམ་ལྷན་ཚོགས་སོགས་ཀྱིས་དགོངས་བཞེས་གནང་བར་དགའ་བསུ་ཞུ།

ྋགོང་ ས་ཏཱ་ལའི་བླ་མ་མཆོག་དང་འོས་བསྡུའི་ལམ་ནས་འདེམས་ཐོན་བོད་མིའི་ཆབ་སྲིད་འགོ་ འཁྲིད་ཀྱིས་འབྲེལ་མོལ་བསྐྱར་མཐུད་ཡོང་ཆེད་འབད་བརྩོན་ལྷོད་མེད་གནང་བ་དེར། རྒྱ་ནག་གཞུང་གིས་བཟང་ཕྱོགས་ཀྱི་བརྡ་ལན་ཞུ་རྒྱུའི་སྲིད་དོན་གྱི་འདུན་པ་མེད་ པར་མངོན་པར་བློ་ཕམ་ཆེ།

རྒྱལ་སྤྱིའི་སྲིད་གཞུང་ཁག་གིས་ྋགོང་ ས་ཏཱ་ལའི་བླ་མ་མཆོག་དང༌། འོས་བསྡུའི་ལམ་ནས་འདེམས་ཐོན་བོད་མིའི་ཆབ་སྲིད་ཀྱི་འགོ་ཁྲིད་རྣམ་པར་འབྲེལ་བ་ བྱས་པ་དང་། བོད་ཀྱི་དཀའ་རྙོག་གྲོས་མོལ་ལ་བརྟེན་ནས་ཞི་བའི་སྒོ་ནས་འགྲིག་ཆགས་བྱ་རྒྱུར་ རྒྱབ་སྐྱོར་གྱི་རྣམ་འགྱུར་བསྟན་པ་དེ། ”རྒྱ་ནག་གཅིག་”གི་སྲིད་བྱུས་དང་འགལ་འདས་བྱས་ལུགས་སྙོན་འཛུགས་བྱེད་བཞིན་པར་ངོས་ལེན་མེད།

འཛམ་ གླིང་གི་རང་སྐྱོང་ས་ཁུལ་མང་པོ་དང་། ལྷག་པར་ཁེ་ཎ་ཌའི་མངའ་དབང་འོག་ཏུ། ཡུལ་ནུ་ཎ་ཝུ་ཊིའི་རང་སྐྱོང་མངའ་ཁུལ་བཙུགས་པའི་ཉམས་མྱོང་གི་ཐོག་ནས་ར་སྤྲོད་ བྱུང་བ་ལྟར། བོད་ཀྱི་དཀའ་རྙོག་དེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་བོད་ མི་ཚོར་མིང་དོན་མཚུངས་པའི་རང་སྐྱོང་སྤྲོད་པའི་ལམ་ནས་སེལ་ཐུབ་པའི་ཡིད་ཆེས་མུ་མཐུད་དེ་ཡོད།

གོང་གསལ་གྱི་གནས་སྟངས་དང་རྒྱུ་མཚན་ལ་བརྟེན་ནས་ང་ཚོས་ཐག་གཅོད་བྱས་པ་གཤམ་གསལ།


བོད་མིས་རང་ཐག་རང་གཅོད་ཚུད་པའི་རང་གི་ཐོབ་ཐང་དང་རང་དབང་ཆེད་འཚེ་མེད་ཞི་བའི་སྒོ་ནས་འཐབ་རྩོད་བྱེད་བཞིན་པར་སེམས་ནུས་མཉམ་སྒྲིལ་ཞུ་རྒྱུ་དང་།

རྒྱ་ ནག་ནང་གི་མང་གཙོའི་འཕོ་འགྱུར་ནི་བོད་མིར་རང་གི་ཐོབ་ཐང་དང་རང་དབང་ལོངས་སུ་ སྤྱོད་དུ་འཇུག་པ་དང་། རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་གཞན་དག་གི་ཐོབ་ཐང་སྲུང་སྐྱོབས་འགན་ལེན་བྱེད་ པའི་ལམ་ནས་མངོན་འགྱུར་ཐུབ་ངེས་ཡིན་པར་ནན་སྐུལ་བྱེད་པ་དང་ཆབས་ཅིག རྒྱ་ནག་ནང་མང་གཙོའི་འཕོ་འགྱུར་ཡོང་ཆེད་འབད་བརྩོན་གནང་མཁན་རྒྱ་རིགས་མི་མང་ལ་རྒྱབ་སྐྱོར་ཞུ་རྒྱུ།

རྒྱ་ ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱ་ནག་ཕྱི་ནང་དུ་ཆབ་སྲིད་ཀྱི་དམིགས་ཡུལ་ ཆེད། དྲ་རྒྱ་དང་། གསར་འགྱུར། དེ་མིན་གློག་རྡུལ་གྱི་ཆ་འཕྲིན་ཁག་བཀག་སྡོམ་བྱེད་བཞིན་པར་སེམས་འཚབ་ཀྱི་རྣམ་འགྱུར་བསྟན་རྒྱུ།

ྋགོང་ ས་ཏཱ་ལའི་བླ་མ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་བོད་མི་ཚོས་མཐའ་གཅིག་ཏུ་འཚེ་ མེད་ཞི་བའི་ཐབས་ལམ་བསྟེན་པ་མ་ཟད། བཀའ་བློན་ཁྲི་པ་མཆོག་གིས་མུ་མཐུད་དབུ་མའི་ལམ་གྱི་ཐོག་ནས་རྒྱ་ནག་མི་མང་སྤྱི་ མཐུན་རྒྱལ་ཁབ་དང་འབྲེལ་མོལ་བསྐྱར་གསོ་གནང་ཐབས་གནང་བར་ང་ཚོས་ཆོད་སེམས་བརྟན་ པོས་རྒྱབ་སྐྱོར་བསྐྱར་ནན་བྱ་རྒྱུ།

བོད་ཀྱི་གནད་དོན་ཐད། དངོས་ཡོད་ཆབ་སྲིད་གནས་སྟངས་དང་མཐུན་ཞིང་དོན་ཕན་ལྡན་པའི་གཞི་རྩའི་དཀའ་སེལ་ ཐབས་ལམ་ཁག་གསལ་བའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ ཀྱི་བསམ་འཆར་གྱི་རྩ་དོན་ཁག་ལ་རྒྱབ་སྐྱོར་ཞུ་རྒྱུ།

ྋགོང་ས་ ཏཱ་ལའི་བླ་མ་མཆོག་ལ་ཏིང་ཞའོ་ཕིང་ནས་ཐོག་མར་བཏོན་ཅིང་། ཉེ་ལམ་རྒྱ་ནག་གཞུང་གིས་ཀྱང་བསྐྱར་ཟློས་བྱས་པའི་ལངས་ཕྱོགས་ཏེ། རང་བཙན་ཕུད་གནད་དོན་གང་ཡང་གྲོས་མོལ་ལམ་ནས་ཐག་གཅོད་བྱས་ཆོག་ཅེས་པའི་གནད་ ཆེའི་བརྗོད་ཚིག་གསལ་འདོན་དང་དྲན་གསོ་བྱ་རྒྱུ།

རྒྱ་ནག་གཞུང་ ནས་ྋགོང་ས་ཏཱ་ལའི་བླ་མ་མཆོག་དང༌། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ད་དུང་ཡང་ཁ་བྲལ་རྩོད་ཀྱི་ཡོད་པའི་སྙོན་ འཛུགས་བྱེད་བཞིན་པ་ཐད། བོད་ཕྱོགས་ནས་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་ཀྱི་གནད་དོན་ཐག་ གཅོད་བྱ་ཐབས་ཀྱི་གྲོས་འཆར་ཡོངས་གྲགས་སུ་བཏོན་ཟིན་པས། ད་ཕྱིན་རྒྱ་ནག་གཞུང་ནས་འདི་ལྟ་བུའི་བདེན་པ་མིན་པའི་གནས་ཚུལ་དྲིལ་བསྒྲགས་ བྱེད་མཚམས་འཇོག་དགོས་པའི་བསྐུལ་མ་དང་འཁྱོག་བཤད་དག་སེལ་བྱ་རྒྱུ།

རྒྱ་ ནག་གཞུང་གིས་བོད་ནང་དྲག་གནོན་བྱེད་མཚམས་འཇོག་དགོས་པ་དང་། བོད་ཀྱི་ས་ཁུལ་ཡོངས་ལ་འགྲོ་སྐྱོད་ཆོག་པ་བཟོ་དགོས་པ། སྤྱིར་རྒྱ་ནག་དང་ལྷག་པར་བོད་ནང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐབ་ཐང་ ལྷན་ཚོགས་ཀྱི་སྐུ་ཚབ་ཕེབས་རྒྱུའི་ལས་རིམ་བསྒྲིག་དགོས་པ། ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་མཉམ་དུ་བློ་སྟོབས་གཅིག་མཚུངས་སྒོ་ནས་ འབྲེལ་མོལ་བསྐྱར་མཐུད་དགོས་པའི་དགོས་འདུན་འདོན་རྒྱུ།

རྒྱལ་ ཁབ་ཁག་གི་སྲིད་གཞུང་དང་རྒྱལ་སྤྱིའི་འབྲེལ་ཡོད་ཚོགས་སྡེ་ཁག་གི་དབུ་ཁྲིད་ཚོས། འབྲེལ་མོལ་འདི་མདུན་སྐྱོད་ཐུབ་པར་རྒྱབ་སྐྱོར་དང། རྒྱ་ནག་གཞུང་དང་འབྲེལ་གཏུགས་དོ་ནན་གྱིས་མི་རིགས་རང་སྐྱོང་དང་འབྲེལ་བའི་རྩ་ ཁྲིམས་དང་ཁྲིམས་སྲོལ་ཁག་དམ་འཛིན་ཐོག་གྲུབ་འབྲས་ཐོན་ཐབས་གནང་དགོས་པའི་བསྐུལ་མ་ཞུ་རྒྱུ།

རྒྱ་ ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང༌། སྐད་ཡིག་བཅས་ལ་གཏོར་བཤིག་དང་བཙན་གནོན་དམ་བསྒྲགས་ཀྱི་སྲིད་བྱུས་བཟུང་དང་ འཛིན་བཞིན་པའི་ངན་འབྲས་ཀྱི་ཚབས་ཆེའི་རང་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ལ་བྱ་གཏོང་སྙན་སྒྲོན་ཞུ་རྒྱུ།

བོད་ ནང་རང་ལུས་མེར་སྲེག་དང་བརྟན་ལྷིང་མེད་པའི་རྒྱུ་རྐྱེན་གང་ལ་ཐུག་ཡོད་མེད་རྒྱ་ ནག་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་ཟུང་སྦྲེལ་ཐོག་བརྩད་ ཞིབ་བྱེད་པའི་གོ་སྐབས་འབུལ་རྒྱུ།

བོད་མཐོ་སྒང་གི་ཁོར་ཡུག་ འགྱུར་འགྲོས་ཀྱི་རྐྱེན་པས་རྒྱ་ནག་དང་། ལྷོ་ཨེ་ཤི་ཡ། ཤར་ལྷོ་ཨེ་ཤི་ཡ་བཅས་ཚུད་པའི་ཨེ་ཤི་ཡའི་ས་ཁུལ་མང་པོའི་འཚོ་བར་དོ་ཕོག་ཚབས་ ཆེན་ཡོང་གི་ཡོད་པས། བོད་ཀྱི་ཁོར་ཡུག་གཏོར་བཤིག་འགྲོ་བཞིན་པའི་དཀའ་ངལ་སེལ་ཐབས་དགོས་པའི་སྐོར་རྒྱ་ནག་གཞུང་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་ནན་བསྐུལ་ཞུ་རྒྱུ།

བོད་ ཀྱི་གནད་དོན་དེ་དག འདིར་ཕེབས་འཐུས་མི་སོ་སོའི་གྲོས་ཚོགས་དང་། རྒྱལ་སྤྱིའི་གྲོས་ཚོགས་ཀྱི་ལྷན་ཚོགས་ཁག་ནང་གྲོས་འཆར་འདོན་པའམ་གྲོས་གཞིའི་ ཁོངས་རྒྱུན་གནས་ཐུབ་ཐབས་བྱ་རྒྱུ་དང་། དེ་བཞིན་རྒྱ་ནག་སྲིད་གཞུང་གི་ཆེས་མཐོའི་འགོ་ཁྲིད་དང་༸གོང་ས་ཏཱ་ལའི་བླ་མ་ མཆོག་གམ་མང་གཙོའི་འོས་བསྡུའི་ལམ་ནས་འདེམས་ཐོན་བོད་མིའི་འགོ་ཁྲིད་དབར་གྲོས་ མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་སེལ་ཐབས་དགོས་པའི་ནན་བསྐུལ་ཞུ་རྒྱུའི་ཆོད་སེམས་བཅངས་རྒྱུ།

བོད་ ཀྱི་དཀའ་རྙོག་སེལ་ཐབས་དང་རྩོད་རྙོག་ཞི་འགྲིག་གོང་སྤེལ་ཡོང་ཐབས་སུ། སྤྱིར་རྒྱལ་སྤྱིའི་སྲིད་གཞུང་སྣ་མང་མཉམ་ཞུགས་ཀྱི་མ་ལག་འཛུགས་པ་དང་། བྱེ་བྲག་ཏུ་ཡུ་རོབ་གྲོས་ཚོགས་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་ བཞག་གནང་རྒྱུའི་གྲོས་ཆོད་བཞག་ཟིན་པ་ལག་བསྟར་དོན་འཁྱོལ་དང་། དེར་འབྲེལ་ཡོད་རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་རྒྱབ་སྐྱོར་དགོས་པའི་བསྐུལ་མ་ཞུ་རྒྱུ།

བསྒྲགས་ གཏམ་འདིའི་ནང་གི་བསྒྲུབ་བྱའི་དོན་གནད་ཁག་དོན་འཁྱོལ་ཡོང་ཆེད་ངེད་ཚོའི་ངོས་ ནས་རྒྱ་ནག་གཞུང་དང༌། ྋགོང་ས་ཏཱ་ལའི་བླ་མ་མཆོག དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་རྣམ་པ་བཅས་ཕྱོགས་གཉིས་ཀར་ ཆེད་ལས་ཀྱི་མཐུན་འགྱུར་ཇི་དགོས་ཞུ་རྒྱུ།

བསྒྲགས་གཏམ་འདིའི་ ནང་འཁོད་པའི་བསྒྲུབ་བྱ་དང་དམིགས་ཡུལ་ཁག་ནུས་ལྡན་གྱི་སྒོ་ནས་དོན་འཁྱོལ་ཚད་ འཕེར་ཡོང་བའི་འགན་ལེན་ཆེད། བསྒྲགས་གཏམ་ལག་བསྟར་གྱི་ལས་འཆར་ཞིག་བཟོ་སྒྲིག་བྱ་རྒྱུ་བཅས།། །།

Monday, May 20, 2013

དམར་གསོད་དང་མེར་བསྲེག

དམར་གསོད་དང་མེར་བསྲེག

ཕྱི་ཚེས་ ༡༨ ཉིན་གྱི་མཚན་མོ་སི་ཁྲོན་དཔལ་ཡུལ་རྫོང་ཁྲོམ་མཐར་ཆུ་རྒྱ་ཤོད་སྡེ་བའི་སྡེ་ དཔོན་བཀྲ་ཤིས་བཟང་པོའི་གཙོས་པའི་སྡེ་དམངས་བརྒྱ་ལྷག་ལ་རྒྱ་དམག་གིས་མེ་མདའ་ བརྒྱབ་སྟེ། མི་ ༤ བསད་ཡོད་པ་དང་མི་ ༣༠ ལ་རྨས་སྐྱོན་ཚབས་ཆེན་ཕོག་ཅིང་། རྨས་མ་དག་གིས་མཚོན་པའི་སྡེ་མི་མང་པོ་ཞིག་འཛིན་བཟུང་བྱས་ཡོད་འདུག
བལ་ཡུལ་དུ་གནས་བཞུགས་གྲགས་པ་ཡེ་ཤེས་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པའི་ ནང་བཀོད་དོན། སི་ཁྲོན་ཞིང་ཆེན་དར་མདོ་ཁུལ་དཔལ་ཡུལ་རྫོང་ཁྲོམ་མཐར་ཆུ་རྒྱ་ཤོད་སྡེ་བའི་ སྟོང་མཐའ་འཁྱིལ་དུ་རྒྱ་གཞུང་གིས་སྔོན་མ་ནས་གསེར་གྱི་གཏེར་ཁ་སྔོག་འདོན་གྱི་ ལས་གཞི་རྒྱ་ཆེན་པོ་བརྩམས་ཡོད་པ་དང་། ཉེ་ཆར་ལས་གཞི་དེ་རྒྱ་ཆེ་རུ་གཏོང་གི་ཡོད་སྟབས། སྡེ་བའི་དཔོན་པོ་བཀྲ་ཤིས་བཟང་པོ་ལགས་ཀྱིས་གཏེར་ཁ་སྔོག་འདོན་བྱས་ཏེ་ཁོར་ཡུག་ གཏོར་བཅོམ་བཏང་མི་ཆོག་པའི་སྐོར་གྱི་སྙན་ཞུ་ཞིག་རྫོང་སྲིད་གཞུང་ལ་ཕུལ་ཏེ། ཁོང་དང་མཉམ་དུ་སྡེ་མི་བརྒྱ་ལྷག་རྫོང་སྲིད་གཞུང་གི་འགྲམ་དུ་སྙན་ཞུའི་ལན་ལ་ སྒུག་ཡོད་པ་དང་། ཟླ་འདིའི་ཚེས་ ༡༨ ཉིན་གྱི་མཚན་མོ་ཁོང་ཅག་གཉིད་ཁུག་ཡོད་སྐབས་གློ་བུར་དུ་རྒྱ་ནག་ཐོན་ཏེ། ཁོང་ཅག་གི་ཁྲོད་དུ་དུག་རླངས་གཏོར་ཏེ། མི་ཚང་མ་བརྒྱལ་དུ་བཅུག་རྗེས་རླངས་འཁོར་ནང་བཞག་ནས་འདྲུད་རྩིས་བྱས་སྐབས། སྡེ་དཔོན་དུག་གིས་བཟི་མ་ཐུབ་པར་ཡར་ལངས་ཏེ་དམག་མིར་ངོ་རྒོལ་བྱས་ཤིང་། སྐབས་དེར་དམག་མིས་མེ་མདའ་བརྒྱབ་སྟེ་ཁོའི་རྐང་པར་རྨས་ཕོག་ཡོད་པ་དང་། སྐབས་དེར་མི་གཞན་དག་གིས་ཀྱང་ངོ་རྒོལ་བྱས་ཤིང་། སྡེ་དཔོན་བཀྲ་ཤིས་བཟང་པོའི་སྤུན་བསོ་བསོ་ཞེས་པ་དམར་གསོད་བཏང་བ་དང་། གཞན་མི་གཉིས་བསད་དེ་བེམ་པོ་དམག་མིས་ཁྱེར་འདུག

དེ་བཞིན་སྡེ་དཔོན་བཀྲ་ཤིས་བཟང་པོའི་སྤུན་མཆེད་པ་པོ་ཞེས་པ་ཡང་དམར་གསོད་ བཏང་སྟེ། བཀྲ་ཤིས་བཟང་པོ་ལ་ཁྱོད་ཀྱི་སྤུན་མཆེད་ཤི་ཚར་འདུག སང་ཉིན་མ་ཤི་གོང་ནས་མེར་བསྲེག་བཏང་སོང་ཟེར་མི་ཆོག་ཅེས་ཁོང་གི་མཐོང་ས་ནས་མེ་ བསྲེག་བཏང་འདུག ཐེངས་འདིར་མི་བསད་པའི་གྲངས་ཀ་ནི་དངོས་སུ་མཐོང་བ་ ༤ དང་། མེ་མདས་རྨས་པ་ ༣༥ བཅས་ཡོད་པ་དང་། དེ་དག་ཤི་གསོན་གྱི་གནས་བབ་ཀྱང་ཤེས་རྟོགས་ཅི་ཡང་བྱུང་མེད་ཅིང་། ཡུལ་མི་དག་ཀྱང་དམག་མིས་བཀག་ནས་ཐུག་འཕྲད་བྱེད་དཀའ་བའི་གནས་སུ་གྱུར་ འདུག  སྡེ་དཔོན་བཀྲ་ཤིས་བཟང་པོ་གཙོས་རྨས་མ་རྣམས་ད་ལྟ་བཙོན་ཁང་དུ་བཅུག་ཡོད་ འདུག ད་དུང་ས་གནས་དེར་དམག་མི་ཁྱོན་ཆེ་བ་ཕྱོགས་སོ་སོ་ནས་ཡོང་བཞིན་འདུག་ཅིང་། ཕར་འགྲོ་ཚུར་འོང་དང་སྐད་ཆ་བཤད་པ་ཚུན་ལ་བཀག་སྡོམ་ནན་མོ་བྱེད་ཀྱི་འདུག ཅེས་བཀོད་འདུག
རང་དབང་གླེང་སྟེགས་ནས་འདྲེན་བཀོད་བྱས།