Thursday, July 16, 2015


སྐབས་ ༡༥ པའི་སྤྱི་ལྷན་གྱི་གྲོས་ཚོགས་ཚོགས་དུས་བཅུ་པ་ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༥ རེས་གཟའ་མིག་དམར་ནས་ཚེས་ ༢༥ རེས་གཟའ་པ་སངས་བར་ལས་དུས་ཉིན་གྲངས་བཅུའི་རིང་ཚུགས་གཏན་འཁེལ་སོང་།

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་གློ་བུར་དུ་རྒྱ་གཞུང་གི་བཙོན་ཁང་ནང་དགོངས་པ་རྫོགས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

༄༅། །ཕྱི་ལོ ༢༠༠༢ ཟླ་ ༤ ཚེས་ ༣ ཉིན་སི་ཁྲོན་ཞིང་ཆེན་གྱི་ལྟེ་གནས་གྲོང་འཁྱེར་ཁྲེང་ཏུའི་ཐན་ཕུ་ཐང་ཆེན་དུ་འབར་རྫས་གས་འཐོར་བྱུང་བའི་གནས་ཚུལ་དེ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དང་ཁོང་གི་སློབ་མ་བློ་བཟང་དོན་འགྲུབ་གཉིས་ལ་རྒྱ་གཞུང་གིས་བསྙོན་འཛུགས་ཀྱིས་ཟླ་ ༤ ཚེས་༧ ཉིན་འཇུ་བཟུང་བཙོན་འཇུག་བྱས་ཡོད། ལོ་དེའི་ཟླ་ ༡༢ ཚེས་ ...
tibet14n-1-web༄༅། །ཕྱི་ལོ ༢༠༠༢ ཟླ་ ༤ ཚེས་ ༣ ཉིན་སི་ཁྲོན་ཞིང་ཆེན་གྱི་ལྟེ་གནས་གྲོང་འཁྱེར་ཁྲེང་ཏུའི་ཐན་ཕུ་ཐང་ཆེན་དུ་འབར་རྫས་གས་འཐོར་བྱུང་བའི་གནས་ཚུལ་དེ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དང་ཁོང་གི་སློབ་མ་བློ་བཟང་དོན་འགྲུབ་གཉིས་ལ་རྒྱ་གཞུང་གིས་བསྙོན་འཛུགས་ཀྱིས་ཟླ་ ༤ ཚེས་༧ ཉིན་འཇུ་བཟུང་བཙོན་འཇུག་བྱས་ཡོད། ལོ་དེའི་ཟླ་ ༡༢ ཚེས་ ༢ ཉིན་དར་རྩེ་མདོ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། རིན་པོ་ཆེ་ལ། གོང་བརྗོད་འབར་རྫས་གས་འཐོར་དང་མེས་རྒྱལ་ཁ་བྲལ་གཏོང་རྒྱུའི་ངན་སྐུལ་བྱས་པ་སོགས་ཀྱི་བསྙོན་འཛུགས་སྣ་ཚོགས་བྱས་ཏེ། ཁོང་གི་སློབ་མ་བློ་བཟང་དོན་འགྲུབ་འཕྲལ་དུ་སྲོག་ཐོག་གཏོང་རྒྱུ་དང་། རིན་པོ་ཆེ་ལ་ལོ་གཉིས་ནར་འགྱངས་ཀྱིས་སྲོག་ཁྲིམས་གཅོད་རྒྱུའི་ཁྲིམས་ཐག་བཅད། དེར་བརྟེན་རིན་པོ་ཆེའི་གཉེན་ཚན་དང་ཉེ་འབྲེལ་ཁག་གཅིག་གིས། དྲང་བདེན་མིན་པའི་ཁྲིམས་ཆད་དེ་ཁྲིམས་ཁང་གོང་མར་གཏུགས་བཤེར་བྱས་ཀྱང་གོང་གཏུགས་ཕྱིར་སློག་བྱས། ཕྱི་ལོ་ ༢༠༠༣ ཟླ་ ༡ ཚེས་ ༢༦ ཉིན་སི་ཁྲོན་ཞིང་ཆེན་མཐོ་རིམ་ཁྲིམས་ཁང་ཟེར་བས། དཀར་མཛེས་འབྲིང་རིམ་ཁྲིམས་ཁང་ཟེར་བའི་ཁྲིམས་ཆད་གཞིར་བཞག་སྟེ་བློ་བཟང་དོན་འགྲུབ་སྲོག་ཐོག་བཏང་། ཕྱི་ལོ་ ༢༠༠༥ ཟླ་ ༡ ཚེས་ ༢༤ ཉིན་རིན་པོ་ཆེའི་སྲོག་ཁྲིམས་དེ་ཚེ་བཙོན་ལ་བསྒྱུར་བ་ནས། ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༢ བར་མི་ལོ་ ༡༣ རིང་རྒྱ་གཞུང་གི་བཙོན་ཁང་དུ་ཉེས་མེད་བཙོན་འཇུག་བྱས་ཡོད།
རིན་པོ་ཆེ་བཙོན་འཇུག་བྱས་ནས་བཟུང་ནང་མི་སྤུན་མཆེད་ཚོས་ཐུག་འཕྲད་ཐེངས་དྲུག་ལྷག་ཙམ་བྱས་ཡོད་པ་དང་། ཉེ་དུས་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༦ ཉིན་ཐུག་འཕྲད་འགྲོ་མཁན་རིམ་པས་ཤེས་རྟོགས་བྱུང་བ་ལྟར། རིན་པོ་ཆེ་ལ་སྙིང་གི་ན་ཚ་ཕོག་ཡོད་པ་དང་ཁོང་གློ་བུར་དུ་དྲན་མེད་བརྒྱལ་སོང་བའི་སྐོར། རིན་པོ་ཆེ་ཉིད་དང་རྒྱ་གཞུང་གིས་ལས་བྱེད་ཚོས་ཀྱང་རིན་པོ་ཆེ་ལ་ན་ཚ་ཡོད་སྐོར་བརྗོད་ཡོད། ད་དུང་ཞབས་གཉིས་ཀྱང་ཐང་ཐང་མེད་པ་ཆགས་ཡོད་འདུག་པ་དང་། དེ་ཡང་ཐུག་འཕྲད་བ་ཚོས་རིན་པོ་ཆེ་དང་ཁ་གྱེས་སྐབས། རིན་པོ་ཆེ་རྟག་ཏུ་རྐུབ་སྟེགས་ཐོག་ཕེབས་དགོས་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད། དེ་ནས་བོད་མིའི་སྒྲིག་འཛུགས་དང་རྒྱལ་སྤྱིའི་སྲིད་གཞུང་། ཚོགས་སྡེ་ཁག་སོགས་ཀྱིས། རིན་པོ་ཆེ་སྨན་བཅོས་ཀྱི་ཆེད་དུ་གློད་དཀྲོལ་ཡོང་བའི་རེ་སྐུལ་དང་ལས་འགུལ་སྣ་མང་སྤེལ་ཡང་། རྒྱ་གཞུང་གིས་མཁྲེགས་འཛིན་ཁོ་ནས་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་བཏང་མེད།frame6tdl
ཉེ་དུས་ ༢༠༡༥ ཟླ་ ༧ ཟླ་འགོར་ལི་ཐང་རྫོང་ས་གནས་སྲིད་ཁྲིམས་ལྷན་ཁང་གི་མི་སྣ་གསུམ་གྱིས། རིན་པོ་ཆེའི་གཅུང་མོ་བསོད་ནམས་བདེ་སྐྱིད་དང་སྒྲོལ་དཀར་ལྷ་མོ་གཉིས། རིན་པོ་ཆེ་ཐུག་འཕྲད་ལ་འགྲོ་ཆོག་ཅེས་འཁྲིད་ཡོད་རུང་། ཉིན་གྲངས་བཅུ་ལྷག་ཙམ་རིང་ཁྲིན་ཏུའི་གྲོང་ཁྱེར་དུ་ཐུག་འཕྲད་ལ་ངང་སྒུག་བྱས་ནས་ལྷག་འདུག ཟླ་འདིའི་ཚེས་ ༡༢ ཉིན་གྱི་སྔ་དྲོར་ཁྲིམས་སྲིད་ཁང་གི་མི་སྣ་ཚོས། གཅུང་མོ་གཉིས་ལ་རིན་པོ་ཆེ་དགོངས་པ་རྫོགས་ཡོད་སྐོར་བརྗོད་འདུག་ཀྱང་། དགོངས་པ་ཇི་ལྟར་རྫོགས་མིན་དང་ག་དུས་རྫོགས་མེད་སོགས། རྐྱེན་དང་གནས་ཚུལ་གང་ཡང་འགྲེལ་བརྗོད་བྱས་མི་འདུག་པས་འབྲེལ་ཡོད་ཚོས་ད་དུང་ཡང་ཤེས་རྟོགས་གསལ་པོ་ཐུབ་མེད། ཐུག་འཕྲད་ལ་འགྲོ་མཁན་ཚོས། རིན་པོ་ཆེ་བོད་མི་ཚོ་དང་འཛམ་གླིང་མི་མང་གིས་དོ་སྣང་བྱ་ཡུལ་གྱི་མི་སྣ་ཤིན་ཏུ་གལ་ཆེན་ཞིག་ཡིན་པ་དང་། རིན་ཆེན་རི་ལྟར་སྤུངས་རུང་ཁོང་ལྟ་བུ་སྐྱེས་ཆེན་དམ་པ་ཞིག་ནམ་ཡང་རྙེད་ཐབས་མེད་པས། ངེས་པར་དུ་འདི་ཡིན་འདི་མིན་གྱི་ལན་གསལ་མེད་ན་ཕྱིར་ལོག་མི་བྱེད་སེམས་ཐག་ཡིན་ཞེས། ཞུ་སྐུལ་ནན་པོ་བྱས་དང་བྱེད་བཞིན་པ་དང་། རྒྱལ་སྤྱིའི་སྲིད་གཞུང་དང་གསར་འགྱུར་བརྒྱུད་ལམ་ཁག་གིས་ཀྱང་ཧ་ཅང་དོ་སྣང་ཆེན་པོ་བྱས་དང་བྱེད་བཞིན་ཡོད། ཟླ་འདིའི་ཚེས་ ༡༣ ཉིན་ཐུག་འཕྲད་འགྲོ་མཁན་གཅུང་མོ་གཉིས་ལ་རྒྱ་གཞུང་གི་འབྲེལ་ཡོད་མི་སྣ་ཚོས། རིན་པོ་ཆེའི་སྐུ་ཕུང་ཕྱིར་སྤྲོད་ཐབས་མེད་སྐོར་དང་། བོད་ཀྱི་བླ་མ་དང་དགེ་འདུན་པ་འགའ་སྐུ་ཕུང་མཇལ་ཞུ་ལ་ཡོང་ན་ཆོག་ཅེས་བརྗོད་འདུག
ད་ཐེངས་རིན་པོ་ཆེ་གློ་བུར་དུ་དགོངས་པ་རྫོགས་པའི་གནས་ཚུལ་དེས། ཟླ་འདིའི་ཚེས་ ༡༣ ཉིན་ལི་ཐང་ས་ཁུལ་དུ་མི་མང་པོས་ས་གནས་སྲིད་གཞུང་ལ་ཞི་རྒོལ་བྱས་པ་དང་། དཔོན་རིགས་ཚོས་མི་མང་གི་ཞུ་གཏུགས་ལ་ཡ་ལན་ཚུལ་མཐུན་མ་བྱས་པར། འཇིགས་སྐུལ་དང་མེ་མདའ་གང་བྱུང་བརྒྱབ་ཡོད་པའི་གནས་ཚུལ་ཡང་འབྱུང་བཞིན་པ། གནས་ཚུལ་མཁོ་སྤྲོད་པ་ཚོས་འགྲེལ་བརྗོད་བྱས་ཡོད། ད་ལྟའི་ཆར་ལི་ཐང་དང་ཉག་ཆུ་རྫོང་གཉིས་དབར་མི་མང་ཕར་ཚུར་འགྲོ་སྐྱོད་བཀག་འགོག་དང་། ལི་ཐང་རྫོང་ཐོག་ཏུ་དྲག་ཆས་དམག་མི་འགྲེམས་འཇོག་གིས་མི་མང་ལ་གནོན་ཤུགས་སྤྲད་པ། འགའ་རེར་ཉེས་བརྡུང་བཏང་ནས་སྨན་ཁང་དུ་བསྐྱལ་དགོས་བྱུང་བའི་གནས་ཚུལ་གཅིག་མཇུག་གཉིས་མཐུད་ཀྱིས་ཡོང་བཞིན་ཡོད་འདུག་ན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས། ད་ལྟའི་རྒྱ་ནག་སྲིད་གཞུང་གི་བྱེད་ཕྱོགས་འདི་ནི་རྒྱལ་སྤྱིའི་འགྲོ་བ་མིའི་བཟང་སྤྱོད་ཀྱི་གནས་ཚད་དང་ཡོངས་སུ་བརྒལ་བའི་བྱ་སྤྱོད་ཞིག་ལ་ངོས་འཛིན་དང། བློ་ཕམ་ཚད་མེད་བྱུང་ཞེས་བརྗོད་རྒྱུ་ཡིན།
རྒྱ་ནག་གཞུང་གིས་ངེས་པར་དུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་སྐུ་ཕུང་མི་མང་ལ་རྩིས་སྤྲོད་བྱེད་དགོས་པ་དང་། བོད་ཀྱི་སྲོལ་རྒྱུན་ལྟར་སྐུ་གདུང་ཞུགས་འབུལ་སོགས་ཀྱིི་ལས་རིམ་ཆ་ཚང་བ་ངེས་པར་དུ་འགྲོ་དགོས་པ་ནན་བརྗོད་བྱེད་རྒྱུ་དང་། ཤུལ་ལུས་ནང་མི་ལྟོས་བཅས་དང་རྗེས་འཇུག་ཡོངས་ལ་གདུང་སེམས་མཉམ་སྐྱེད། རྒྱལ་སྤྱིའི་སྲིད་གཞུང་དང་ཚོགས་སྡེ་ཁག་གིས་རིན་པོ་ཆེའི་སྐུ་ཕུང་ཕྱིར་རག་ཐབས་དང་། མི་མང་གི་བདེ་འཇགས་ཆེད་རྒྱ་ནག་སྲིད་གཞུང་ལ་གནོན་ཤུགས་སྤྲོད་དགོས་པ། རྒྱ་ནག་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དང་འབྲེལ་བའི་གནད་དོན་ཡོངས་རྫོགས་ཀྱིས་འགན་འཁུར་བྱེད་དགོས་པ་བཅས་ནན་བརྗོད་བྱེད་རྒྱུ་ཡིན། ཞེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༤ ཉིན།

བརྙན་མཛོད།

ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་དོན་ཉན་ཞིབ་སྐབས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ལ་མྱ་ངན་ངག་བཅད་གནང་རྗེས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་པ།

ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་དོན་ཉན་ཞིབ་སྐབས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ལ་མྱ་ངན་ངག་བཅད་གནང་རྗེས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་པ།

༢༠༡༥ ཟླ་ ༥ ཚེས་ ༡༥ རེས་གཟའ་ལྷག་པ།
11708050_856714304412613_5578741143901570667_o-1024x683

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༤ ཉིན་ཨ་རིའི་གྲོས་ཚོགས་ཀྱི་ ཊོམ་ལེན་ཊོ་སི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་ཆུང་ Tom Lantos Human Rights Commission གི་ཚོགས་ཁང་ནང་དུ། བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ཉན་ཞིབ་གནང་སྐབས། ཨ་རིའི་གྲོས་ཚོགས་འཐུས་མི་རྣམ་པས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་བཙོན་ཁང་ནང་སྐུ་གཤེགས་པར་ཁོང་ཁྲོ་དང་བློ་ཕམ་ཧ་ཅང་ཆེན་པོས་མྱ་ངན་གུས་འདུད་མཚོན་ཆེད་ངག་བཅད་ཞུས་འདུག ཉན་ཞིབ་སྐབས་གྲོས་ཚོགས་འཐུས་མི་རྣམ་པས། རྒྱ་ནག་གཞུང་གིས་བོད་ཐོག་ལག་བསྟར་བྱེད་བཞིན་པའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ཨ་རིའི་གཞུང་གིས་སྐྱོན་བརྗོད་བྱེད་བཞིན་ཡོད་ཀྱང་རྒྱ་ནག་གཞུང་ལ་གནོན་ཤུགས་གང་ཡང་སྤྲོད་ཐུབ་ཀྱི་མི་འདུག ཅེས་སྐྱོན་བརྗོད་ཤུགས་ཆེ་གནང་བ་དང་སྦྲགས། ཨ་རིའི་གཞུང་གིས་རྒྱ་གཞུང་ལ་གནོན་ཤུགས་ཆེ་རུ་གཏོང་དགོས་པའི་རེ་འདུན་བཏོན་འདུག གཞན་ཡང་སྐབས་དེར་རིན་པོ་ཆེ་མཆོག་གི་སྐུ་ཕུང་ནང་མིར་རྩིས་སྤྲོད་ཀྱིས་བོད་ཀྱི་སྲོལ་རྒྱུན་ལྟར་མཆོད་འབུལ་སོགས་བྱེད་འཇུག་དགོས་པའི་རེ་འདུན་བཏོན་འདུགཉན་ཞིབ། copyདེ་ཡང་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མེཁ་གྷོ་ཝན་ McGovern མཆོག་དང་སྐུ་ཞབས་པི་ཊིསི་ Pitts མཆོག་རྣམ་གཉིས་ཀྱིས་གོང་སྨྲོས་རྟོག་ཞིབ་ཚོགས་ཆུང་གི་ཚོགས་གཙོ་སྦྲེལ་པོ་གནང་ནས། ཉན་ཞིབ་དབུ་འཛུགས་གནང་བ་དང་སྦྲགས། རྒྱ་ནག་གཞུང་གིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་མྱ་ངན་ལས་འདས་རྗེས་བོད་ཀྱི་གནད་དོན་དེ་རང་བཞིན་གྱི་ཡལ་འགྲོ་རྒྱུའི་ཁོག་རྩིས་ནོར་བ་ཞིག་རྒྱག་བཞིན་ཡོད་སྐོར་དང་། བོད་ཀྱི་གནད་དོན་མ་གསལ་བར་ཨ་རིའི་གཞུང་གིས་བོད་དོན་བློས་གཏོང་ནམ་ཡང་བྱ་རྒྱུ་མིན་སྐོར་གསུངས་ཡོད།
ཕྱོགས་མཚུངས་སྐབས་དེར་སྐུ་ཞབས་པི་ཊ་སི་མཆོག་ནས་རྒྱ་གཞུང་གིས་བོད་ནང་བོད་མི་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད། དེ་བཞིན་འདུ་འཛོམས་བྱ་རྒྱུའི་རང་དབང་བཅས་ལ་དམ་བསྒྲགས་བྱ་རྒྱུའི་སྲིད་བྱུས་དང་། བོད་མི་རྣམས་བོད་ཀྱི་ཕྱི་ཙམ་མ་ཟད། བོད་ནང་གི་ས་ཁུལ་ཁག་ཏུའང་རང་དབང་ཐོག་ནས་འགྲུལ་ཞུད་བྱ་རྒྱུའི་ཐོག་ཐང་བརྡལ་བཤིག་བཏང་ནས་དམ་བསྒྲགས་བསུན་གཙེར་བཟོ་བཞིན་པའི་སྲིད་བྱུས་ལ་སེམས་ཚབས་ཀྱི་རྣམ་པ་ཤུགས་ཆེན་བཏོན་ནས་སྐྱོན་བརྗོད་གནང་འདུག སྐབས་དེར་ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ས་རཱ་སི་ཝེལ་ Ms. Sarah Sewall མཆོག་ནས་ཀྱང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱའི་བཙོན་ཁང་ནང་སྐུ་གཤེགས་པར་བློ་ཕམ་དང་ཁོང་ཁྲོའི་རྣམ་པ་ཤུགས་ཆེ་བཏོན་པ་དང་སྦྲགས། ཉེ་ལམ་བོད་མི་ཚོས་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་བཞིན་པ་དེས་བོད་ནང་གི་གནས་སྟངས་ཇི་ཞེན་ཇི་སྡུག་ཏུ་སོང་ནས་བོད་མི་དེ་དག་ད་ཆ་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར་བཞིན་ཡོད་པ་ཧ་ཅང་གསལ་པོ་ཡིན་སྐོར་གསུངས་པ་དང་སྦྲགས། དེ་བཞིན་ལྕམ་སྐུ་མཆོག་གི་འབྲེལ་མཐུད་ལས་ཁུངས་ནས། རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་ལྷན་འབྲེལ་མོལ་བསྐྱར་གསོ་གནང་དགོས་པ་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་གོང་སྤེལ་གཏོང་དགོས་པ། བོད་མིའི་ཆོས་དད་རང་དབང་སྲུང་སྐྱོབ་དགོས་པ། བོད་ནང་གཞུང་འབྲེལ་མི་སྣ་དང་ཕྱི་མི་མང་ཚོགས་རྣམས་རང་དབང་ཐོག་འགྲོ་སྐྱོད་ཆོག་པའི་ཐོབ་ཐང་སྤྲད་ནས་དངོས་གནས་རྟོག་ཞིབ་བྱེད་འཇུག་དགོས་པ་དང་། བོད་མིའི་ཐུན་མིན་སྐད་ཡིག་དང་རིག་གཞུང་ཕྱུག་པོ་ཡོད་པ་རྣམས་ལ་བདག་གཅེས་དགོས་པའི་རེ་འདུན་དོན་ཚན་བཞི་ཅན་ཞིག་རྒྱ་ནག་གཞུང་གིས་ལག་བསྟར་དགོས་པ་ནན་བརྗོད་གནང་འདུག11754747_10153125124914037_83783191605185216_o-1024x768གཞན་ཡང་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་དང་ཡུན་རིང་ནས་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན། དེ་བཞིན་༸གོང་ས་མཆོག་ལ་དད་གུས་ཧ་ཅང་ཞུ་མཁན། ད་ལྟ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་རི་ཆ་ཌི་སྒེར་ Richard Gere ལགས་ཀྱིས་ཉན་ཞིབ་ཐོག ཐེངས་འདིར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་བཙོན་ཁང་དུ་སྐུ་གཤེགས་པ་དེས་ང་ཚོས་གདུག་རྩུབ་ཅན་གྱི་སྲིད་བྱུས་ཇི་འདྲ་ཞིག་ལ་ཁ་གཏད་བཅོག་བཞིན་ཡོད་པ་དྲན་བཀུལ་གསལ་པོ་གཏོང་བཞིན་ཡོད་སྐོར་དང་། བོད་ནང་གི་གནས་སྟངས་ཛ་དྲག་ཇི་འདྲ་ཡིན་སྐོར་ར་སྤྲོད་གསལ་པོ་གནང་འདུག དེ་བཞིན་སྐབས་དེར་གྲོས་ཚོགས་འཐུས་མི་རྣམས་ཀྱིས་རྒྱ་ནག་གཞུང་གིས་ཨ་རིའི་ལས་བྱེད་རྣམས་བོད་དུ་རང་དབང་ཐོག་འགྲོ་བསྐྱོད་བྱ་རྒྱུར་དམ་བསྒྲགས་བྱེད་བཞིན་པ་དེར། ཡར་ལན་སྤྲོད་ཆེད་རྒྱ་ནག་གཞུང་གི་ལས་བྱེད་པ་རྣམས་ཨ་རིའི་ནང་འགྲོ་བསྐྱོད་ཀྱི་རང་དབང་ཐོག་དམ་བསྒྲགས་ཇི་འདྲ་བྱ་དགོས་མིན་ཐོག་གོ་བསྡུར་སྦྱང་བཤད་གནང་འདུག ཉན་ཞིབ་ནང་མཉམ་ཞུགས་གནང་མཁན་ཚོགས་བཅར་བ་རྣམས་ཀྱིས་ཉན་ཞིབ་གནང་རིང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་སྐུ་པར་ལག་ཏུ་བཟུང་ནས་བཞུགས་འདུག །

དབྱིན་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་བཙོན་ཁང་དུ་དགྲོང་བར་བློ་ཕམ་གྱི་རྣམ་འགྱུར་བསྟན་འདུག




མདུན་ཤོག » གསར་གནས། »

ཨིན་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་བཙོན་ཁང་དུ་སྐུ་གཤེགས་པར་བློ་ཕམ་གྱི་རྣམ་པ་བསྟན་པ།

༢༠༡༥ ཟླ་ ༧ ཚེས་ ༡༦ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༣ ཉིན་ཨིན་གཞུང་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ལྕམ་སྐུ་མཆོག་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་ནག་གཞུང་གི་བཙོན་ཁང་དུ་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བློ་ཕམ་བྱུང་ཡོད་སྐོར་གསུངས་པ་མ་ཟད། དེ་སྔ་ཨིན་གཞུང་ཕྱི་སྲིད་ལས་ཁུངས་ཀྱི་བློན་ཆེན་སྐུ་ཞབས་ཧུ་གུ་སི་ཝར་ Hugo Swire མཆོག་གིས་རིན་པོ་ཆེ་མཆོག་གི་སྐུ་གཟུགས་ཀྱི་གནས་སྟངས་ཐོག་སེམས་ཚབས་ཀྱི་རྣམ་པ་བཏོན་མྱོང་ཡོད་པ་མ་ཟད། རྒྱ་ནག་གཞུང་ལ་རིན་པོ་ཆེའི་སྐུ་གཟུགས་ཀྱི་གནས་སྟངས་དྲག་སྐྱེད་ཡོང་སླད་སྨན་བཅོས་ཀྱི་མཐུན་འགྱུར་ཆེད་བཙོན་ཁང་ནས་གློད་བཀྲོལ་དགོས་པའི་རེ་འདུན་བཏོན་ཡོད་སྐོར་ལུང་འདྲེན་གནང་འདུག

ཨིན་ཡུལ་གྲོས་ཚོགས་འཐུས་མིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་བཙོན་དུ་སྐུ་གཤེགས་པར་རྒྱ་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་གནང་བ།

༢༠༡༥ ཟླ་ ༧ ཚེས་ ༡༥ རེས་གཟའ་ལྷག་པ།
fh_professional_portrait_j_1-221x300༄༅། །སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་གཞུང་གི་བཙོན་ཁང་ནང་སྐུ་གཤེགས་པར་ཨིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཕེ་བྷི་ཡན་ཧེ་མིལ་ཊོན་ Mr.Fabian Hamilton མཆོག་གིས་རྒྱ་གཞུང་ལ་ཁོང་ཁྲོའི་རྣམ་པ་ཤུགས་ཆེ་བསྟན་པ་དང་སྦྲགས་གསུང་དོན། ཐེངས་འདིར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་བཙོན་ཁང་ནང་དགོངས་པ་རྫོགས་པའི་གནས་ཚུལ་དེས་རྒྱ་ནག་གཞུང་གིས་བོད་ཐོག་སྲིད་བྱུས་ཇི་འདྲ་ཞིག་འཛིན་བཞིན་ཡོད་པའི་རྣམ་པ་དམར་བརྗེན་དུ་ཐོན་པ་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་གནས་སྟངས་ཐོག་སེམས་ཚབས་ཧ་ཅང་བྱས་ཀྱང་རྒྱ་ནག་གཞུང་གིས་དེར་སྣང་ཆུང་ཁྱད་གསོད་བྱས་པ་མ་ཟད། རྒྱལ་སྤྱིའི་ཁྲིམས་ལ་རྩིས་མེད་རྡོག་རོལ་དུ་བཏང་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ལ་དྲང་བདེན་གྱི་ཁྲིམས་ལུགས་ལག་བསྟར་ནམ་ཡང་བྱས་མེད་པ་མ་ཟད། རིན་པོ་ཆེ་མཆོག་གི་སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་ཛ་དྲག་ཡོད་བཞིན་དུ་སྨན་བཅོས་བྱ་རྒྱུའི་ཐོབ་ཐང་རྩ་བ་ནས་སྤྲད་མེད། དེར་བརྟེན་རྒྱ་ནག་གཞུང་ནི་རིན་པོ་ཆེ་མཆོག་དམར་གསོད་གཏོང་མཁན་གྱི་ལག་དམར་བ་ཆགས་ཡོད། ཅེས་རྒྱ་ནག་གིས་སྲིད་བྱུས་ལག་བསྟར་བྱེད་ཕྱོགས་དེར་ཁོང་ཁྲོ་ཤུགས་ཆེ་ཡོད་པའི་རྣམ་འགྱུར་བསྟན་འདུག
སྐུ་ཞབས་ཕེ་བྷི་ཡན་ཧེ་མིལ་ཊོན་མཆོག་ནི་བོད་དོན་ཐོག་ཆོད་སེམས་བརྟན་པོས་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་ལ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་སྐུ་མ་གཤེགས་སྔོན་ཏེ། ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༡༨ ཉིན་ཨིན་ཡུལ་གྱི་གྲོས་ཚོགས་ནང་བགྲོ་གླེང་སྐབས་ཤིག་ལ། ཁོང་གིས་རིན་པོ་ཆེའི་གནས་སྟངས་ཐོག་ལ་སེམས་ཚབས་ཤུགས་ཆེ་བཏོན་གནང་མྱོང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༠ ལོར་ཨིན་ཡུལ་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་ལ་ཞུ་སྙན་ཞིག་ཕུལ་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་གྱོད་གཞིའི་ཐོག་རྒྱ་ནག་གཞུང་གིས་ཛ་དྲག་ཆེན་པོས་བསྐྱར་དུ་བསམ་ཞིབ་བྱེད་དགོས་པའི་རེ་འདུན་ཡང་བཏོན་གནང་འདུག །

ཉེས་མེད་བསྙོན་འཛུགས་དོན་མེད་གཅར་རྡུང་།



ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ཀན་ལྷོ་ཁུལ་ཅོ་ནེ་རྫོང་ཉིན་པ་སྡེ་བའི་སྐྱེས་པ་ཁག་ཅིག་ལ་ཉེན་རྟོག་པས་རྣམ་འགྱུར་ལེགས་པོ་མེད་པར་ཁ་གཡར་ཏེ་གཅར་རྡུང་བྱས་ནས་རྨས་སྐྱོན་བཟོས་ཡོད་འདུག


ཀན་ལྷོ་ཁུལ་ཅོ་ནེ་རྫོང་ཉིན་པ་སྡེ་བ་ནས་སྤྱི་ལེ་ ༥ ཙམ་གྱི་མཚམས་སུ་ཅོ་ནེ་ཉེན་རྟོག་ཁང་གིས་ཞིབ་བཤེར་ས་ཚིགས་ཤིག་བཙུགས་ཡོད་པ་དང་། འབྲོག་པའི་དབྱར་དགུན་གྱི་རུ་པ་སྤོ་སྐབས་འགག་སྒོ་དེ་བརྒྱུད་ནས་འགྲོ་དགོས་པ་དང་། ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ཀན་ལྷོ་ཁུལ་ཅོ་ནེ་རྫོང་ཉིན་པ་སྡེ་བའི་སྐྱེས་པ་ཁག་ཅིག་གིས། རུ་པ་དབྱར་སར་སྤོས་ཏེ་ཕྱིར་དགུན་ས་ལ་ལོག་སྐབས་འགག་སྒོའི་ཉེན་རྟོག་པས་ཁོང་ཚོ་བཀག་འགོག་བྱས་ཏེ། རྒྱུ་མཚན་ཅི་ཡང་མ་བཤད་པར་ཐོ་འགོད་ཀྱིས་འདྲི་གཅོད་སྣ་ཚོགས་བྱས་ཡོད་པ་མ་ཟད། གང་བྱུང་དུ་ལུས་ལ་སྔོག་བཤེར་བྱས་ཡོད་འདུག


ཉེན་རྟོག་ཕྱོགས་ནས་ས་གནས་སུ་ཞིབ་བཤེར་བྱ་རྒྱུ་ཡིན་པའི་སྔོན་བརྡ་གང་ཡང་འབྱོར་མེད་པ་དང་། དེ་སྔོན་ས་གནས་སུ་མི་བསད་རྟ་རྨས་ཀྱི་དོན་རྐྱེན་ཚབས་ཆེན་བྱུང་ཡང་། ཉེན་རྟོག་མི་སྣས་ཕན་གང་ཡང་ཐོགས་མེད་པ་མ་ཟད། མཚམས་རེར་དཀྲུག་ཤིང་བརྒྱབ་པ་ལྟ་བུའི་གནས་ཚུལ་བྱུང་ཡོད་སྟབས། བཀག་འགོག་བྱས་པའི་སྐྱེས་པ་དེ་ཚོས་ཞིབ་བཤེར་བྱེད་དགོས་དོན་ཅི་ཡིན་སོགས་སྐད་ཆ་འདྲི་སྐབས། ཉེན་རྟོག་པས་དེ་མ་ཐག་རྣམ་འགྱུར་མི་ལེགས་པར་ཁ་གཡར་ཏེ་མེ་མདའི་ཉ་རྔ་དང་ལྕགས་དབྱུག་སོགས་ཀྱིས་ཁོང་ཚོར་རྡུང་རྡེག་བཏང་ཡོད་པ་མ་ཟད། ཕོ་གསར་ཞིག་གི་མགོ་ལ་མེ་མདའི་ཉ་རྔས་བརྒྱབ་སྟེ་ཁྲག་དམར་ཐོན་ནས་དྲན་མེད་དུ་བརྒྱལ་ཡོད་པ་དང་། ཡང་སྐྱེས་པ་གཞན་ཞིག་ལ་ལག་ལྕགས་བརྒྱབ་སྟེ་ཉེན་རྟོག་པ་བཅུ་གྲངས་ཤིག་གིས་དབྱུག་པ་དང་ཁུ་ཚུར། རྡོག་ཐོ་སོགས་ཀྱིས་གཞུས་ནས་རུབ་རྡུང་ཡུན་རིང་བྱས་མཐར། ཉེན་རྟོག་པའི་རླངས་འཁོར་ནང་བཞག་སྟེ་ཆས་བུའི་ཉེན་རྟོག་ཁང་དུ་བཙན་ཁྲིད་བྱས་ཡོད་པ་མ་ཟད། ཆུ་ཚོད་ཉེར་བཞི་འགོར་ཡང་ཁྱིམ་མི་གཉེན་འབྲེལ་ཚོར་གར་ཡོད་ཅི་བྱུང་གི་བརྡ་ལན་གང་ཡང་སྤྲད་མེད་པ་རེད།

མེ་མདའི་ཉ་རྔས་གཞུས་ཏེ་དྲན་མེད་དུ་བརྒྱལ་བའི་ཕོ་གསར་དེ་ཡུན་རིང་དྲན་པ་སོས་ཐུབ་མེད་སྟབས། ཉེན་རྟོག་པ་ཚོ་དངངས་སྐྲག་སྐྱེས་ནས་སྡེ་མི་ཚོར་ནད་པ་མགྱོགས་པོར་སྨན་ཁང་དུ་བསྐྱལ་བ་ཡིན་ན། འཛིན་བཟུང་བྱས་པའི་སྐྱེས་པ་དེ་གཏོང་རྒྱུ་ཡིན་སྐོར་བརྗོད་ཡོད་ཀྱང་སྡེ་མི་ཚོས་དང་ལེན་བྱས་མེད་པས། ཉེན་རྟོག་པས་རང་གི་རླངས་འཁོར་ནང་བཞག་ཏེ་ལྐོག་ལྐོག་སུད་སུད་ཀྱིས་ཀན་ལྷོ་ཁུལ་མི་མང་སྨན་ཁང་དུ་བསྐྱལ་ཡོད་པ་དང་། ཉེན་རྟོག་པས་སོ་སོའི་ནག་ཉེས་འགེབ་སྲུང་ཆེད་ཕོ་གསར་དེ་སྦག་སྦག་གིས་བརྡབས་པ་རེད་ཅེས་སྐྱག་རྫུན་བཤད་ཡོད་པ་མ་ཟད། ནད་པའི་ཉལ་ཁང་གི་སྒོ་སྲུང་སྟེ་གཉེན་ཉེ་དང་གྲོགས་པོ་སོགས་གཅིག་ཀྱང་ཉེ་སར་བཅར་དུ་འཇུག་གི་མེད་པ་རེད། སྡེ་མི་འགའ་རེས་ཉེན་རྟོག་པས་ཡུལ་མི་ཚོར་གང་བྱུང་རྡུང་རྡེག་གཏོང་བཞིན་ཡོད་པ་ཁ་པར་གྱིས་བརྙན་དུ་ཕབ་པ་དང་པར་བརྒྱབ་པར་བརྟེན། ཁ་པར་ཚང་མ་བཙན་འཕྲོག་བྱས་ཏེ་འགའ་ཤས་ས་ལ་བརྡབས་ནས་བཅག་པ་དང་། ཁ་ཤས་ཀྱི་ནང་གི་པར་དང་བརྙན་ཐུང་སོགས་ནག་གསུབ་བཏང་ཡོད་པ་སོགས། དེ་འབྲེལ་གྱི་གནས་ཚུལ་ཕྱིར་མི་ཁྱབ་པའི་ཆེད་དུ་བཀག་སྡོམ་ནན་མོ་བྱེད་བཞིན་ཡོད་འདུག
གོང་གི་གནས་ཚུལ་དེའི་ཐད་ས་གནས་བོད་མི་ཞིག་གིས། འདི་ནི་བདེ་སྲུང་མི་སྣས་ས་གནས་ཀྱི་བདེ་འཇགས་སྲུང་པའི་དངོས་དཔེ་གསོན་པོ་ཞིག་སྟེ། ཁོ་ཚོའི་མིག་ལམ་དུ་ཞིང་འབྲོག་མི་སེར་རྣམས་ནི་ཁྱི་དང་ཕག་པའི་ཚད་ནའང་མེད་ལ། མི་སེར་གྱི་ཁྲིམས་མཐུན་ཁེ་དབང་ནི་ས་རྡོ་ཇི་བཞིན་ནམ་ཡང་རྡོག་རྫིས་གཏོང་ཆོག་པར་འདོད་བཞིན་ཡོད། དེ་ལས་ཀྱང་ཚབས་ཆེ་བ་ནི། ཁོ་ཚོས་རྒྱལ་ཁབ་ཀྱིས་སྤྲད་པའི་བླ་ན་མེད་པའི་ལས་འགན་དང་། རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་ཁྲིམས་ཚན་རྣམས་རྩིས་མེད་དུ་བཏང་སྟེ། རང་སྣང་གང་འདོད་ཀྱིས་སྤྱི་ཚོགས་ཀྱི་བདེ་འཇགས་ལ་གཏོར་བརླག་གཏོང་བཞིན་པ་དེའོ་ཞེས་བརྗོད་འདུག
ས་གནས་ནས་གནས་ཚུལ་བཏང་བའི་ནང་བཀོད་པ་ལྟར་ན། འགག་སྒོའི་ཞིབ་བཤེར་ཉེན་རྟོག་པ་དེ་ཚོ། ལོ་ངོ་ ༢༠ ཙམ་གྱི་རིང་ཅོ་ནེ་རྫོང་ཁོངས་ཆས་བུ་གཤིས་ཀྱི་ཉིན་པ་དང་རྒྱ་མཆེད་སྡེ་བ་གཉིས་བར་རྩྭ་ས་རྩོད་གླེང་བྱས་ཏེ། མི་གསོད་ཁྲ་སྦྱོར་གྱི་དོན་རྐྱེན་རིམ་པར་བྱུང་བའི་ཉིན་རྒྱའི་དོན་རྐྱེན་ཟེར་བ་དེར་འགོག་སྲུང་བྱེད་པའི་ཆེད་དུ་བཏང་བ་ཞིག་ཡིན་འདུག

Friday, July 10, 2015

གསེར་གྱི་གྱ་སྟོན་མདོ་སྨད་ཡུལ་ནས་དར། འོད་ཀྱི་སྣང་བ་འཛམ་གླིང་ཡོངས་ལ་ཁྱབ།།

༄༅།།ཕྱི་ལོ་༢༠༡༥ ཟླ་༦ ཚེས་༢༢ ཉིན་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་མདོ་སྨད་ཆོལ་ཁས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཐོག་༸སྐུའི་གྱ་སྟོན་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་རེད།

དེ་ཡང་སྔ་དྲོ་ཆུ་ཚོད་༨།༡༥ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཧི་མ་ཅལ་མངའ་སྡེའི་བློན་ཆེན་སྦིར་བྷདྲཱ་སིང་(VirbhadraSingh)རྣམ་གཉིས་ཀྱིས་༧གོང་ས་མཆོག་གི་མཛད་བརྒྱ་མཐོང་བ་དོན་ལྡན་ཞེས་པའི་མཛད་ཐང་ཞལ་འབྱེད་གནངརྗེས་མཛད་སྒོའི་སྟེང་༧ཞབས་སོར་འཁོད་པ་དང་། བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་དང་སྐུ་ཚབ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་སྤྱི་འཐུས་རྣམ་པ། སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་སྦིར་བྷདྲཱ་སིངྒ་ (Shri. Virbhadra  Singh) མཆོག་དང་། ཧི་མཱ་ཅལ་མངའ་སྡེའི་འགྲིམས་འགྲུལ་དང་ཟ་འབྲུའི་བློན་ཆེན་སྐུ་ཞབས་ཇི་ཨེ་སི་བྷ་ལི་ (Shri. G.S. Bali)ཧི་མཱ་ཅལ་མངའ་སྡེའི་གྲོང་སྡེ་ལྷན་ཁང་དང་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་སུ་དྷིར་ཤཱར་མཱ་ལགས། ལྕམ་སྐུ་ཝིདྱ་སི་ཊོག་ Ms. Vidya Stokes  ཁེ་ན་ཌའི་གདོད་མའི་མི་རིགས་ཀྱི་དབུ་ཁྲིད་ཨི་ཌི་ཇོན་Canadian First Nation Leadership,ed John  བོད་མིའི་སྒྲིག་འཛུགས་ཀྱི་ཟུང་དྲུང་ཡན་གྱི་ལས་བྱེད་རྣམ་པ་དང་། སེར་སྐྱ་མི་མང་སོགས་བཞུགས་གནས་སུ་འཁོད་དེ་སྔ་འགྱུར་བསྟན་པའི་གསལ་བྱེད་ཀ༔ཐོག་དགེ་རྩེ་རིན་པོ་ཆེ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྟེན་གསུམ་འདེགས་འབུལ་ཞུས།
 དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མདོ་སྨད་གྱ་སྟོན་ཚོགས་ཆུང་གིས་ཕྱོགས་སྒྲིག་ཞུས་པའི་༸རྒྱལ་དབང་སྐུ་ཕྲེང་དང་པོ་ནས་བཅུ་བཞི་བར་གྱི་མཛད་རྣམ་འཁྲུངས་རབས་དེབ་ཐེར་ནོར་བུའི་ཕྲེང་བ་དང་། བདེན་རྒྱབ་རྩོམ་སྒྲིག་ཚོགས་ཆུང་གིས་རྩོམ་སྒྲིག་ཞུས་པའི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པའི་མཛད་རྣམ་བརྙན་དེབ་པཎ་ཆེན་སྣང་བ་མཐའ་ཡས། དེ་བཞིན་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་མི་ཚེའི་དངོས་བྱུང་ལོ་རྒྱུས་གློག་བརྙན་བཅས་དབུ་འབྱེད་གནང་བ་དང་།  ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་སྦིར་བྷདྲཱ་སིངྒ་ (Shri. Virbhadra  Singh) མཆོག་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་རྣམ་གཉིས་ཀྱིས་མཛད་བརྒྱ་མཐོང་བ་དོན་ལྡན་དང་མཛད་བརྒྱ་མཐོང་བ་དོན་ལྡན་གྱི་བརྙན་དེབ་བཅས་དབུ་འབྱེད་བྱས་རྗེས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་༸སྐུའི་གྱ་སྟོན་དྲན་རྟེན་གསེར་གྱི་རྟགས་མ་༧གོང་ས་མཆོག་ལ་འབུལ་ལམ་ཞུས་པ་དང་།  ལོ་ངོ་ ༥༦ རིང་༧གོང
་ས་མཆོག་ལ་ལྷག་བསམ་རྣམ་དག་གིས་ཞབས་ཞུ་ཞུ་མཁན་སྐུ་ཞབས་བློ་བཟང་དགའ་བ་ལགས་དང་། སྐུ་ཞབས་ཐུབ་བསྟན་ངག་དབང་(དཔལ་འབྱོར་)ལགས་རྣམ་གཉིས་ལ་མདོ་སྨད་ཆོལ་ཁའི་ངོས་ནས་ཐུགས་རྗེ་ལེགས་འབུལ་གྱི་ཕྱག་རྟགས་ཕུལ་བ་དང་། མཛད་སྒོར་ཕེབས་པའི་སྐུ་མགྲོན་རྣམས་ལ་༧གོང་ས་བཅུ་བཞི་བ་ཆེན་པོའི་མཛད་བརྒྱ་མཐོང་བ་དོན་ལྡན་གྱི་ཤོག་ཐང་དང་༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་ཕྱག་དེབ་ཕྱག་རྟགས་སུ་ཕུལ་རྗེས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་རྣམ་གཉིས་ནས་༧གོང་ས་མཆོག་དགུང་གྲངས་ ༨༠ ཕེབས་པའི་རྟེན་འབྲེལ་མཚོན་ཆེད་འཁྲུངས་སྐར་གྱི་སྤྲི་ཀོར་ (birthday cake) ཕན་ཚུན་གྱི་ཞལ་ལ་འབུལ་རེས་མཛད།
དེ་ནས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་འཛམ་གླིང་སྤྱི་དང་། ལྷག་པར་རྒྱ་གར་ནང་དད་གུས་ཧ་ཅང་ཆེན་པོ་ཞུ་བཞིན་པའི་དབུ་ཁྲིད་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་བཏང་ནས་སྐུའི་འཁྲུངས་སྐར་དུས་ཆེན་ལ་འཚམས་འདྲི་ཞུ་རྒྱུ་དང་། ༧གོང་ས་མཆོག་སྐུ་ཚེ་ཡུན་དུ་བརྟན་ཅིང་གཞིས་བྱེས་བོད་མི་ཙམ་དུ་མ་ཟད། འགྲོ་བ་ཀུན་ལ་ཐུགས་བརྩེའི་ལམ་སྟོན་མུ་མཐུད་གནང་སྐྱོང་ཡོང་བའི་གསོལ་འདེབས་ཤུགས་དྲག་ཞུ་རྒྱུ་ཡིན། ༸གོང་ས་མཆོག་ནི་བོད་མིའི་དབུ་ཁྲིད་ཙམ་དུ་མ་ཟད།  འཛམ་གླིང་ཁྱོན་དུ་འཚེ་མེད་ཞི་བ་དང་། བྱམས་བརྩེ། འཆམ་མཐུན་སོགས་གོང་སྤེལ་གཏོང་གནང་མཛད་མཁན་གྱི་དབུ་ཁྲིད་གཅིག་ཡིན་པར་འཛམ་གླིང་ཡོངས་ཀྱིས་ངོས་འཛིན་ཞུ་བཞིན་ཡོད། ༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་གཉིས་འདི་ག་ཧི་མཱ་ཅལ་མངའ་སྡེའི་ས་གནས་རྡ་རམ་ས་ལར་རྟེན་གཞི་མཛད་པ་དེར་ངོས་རང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཞིག་ཡིན་པའི་ངོས་ནས་ཧ་ཅང་དགའ་སྤོབས་ཀྱི་ཚོར་སྣང་ཡོང་བཞིན་འདུག སྐུ་ཉིད་མཆོག་ནི་ཧ་ཅང་དཀའ་ངལ་ཅན་གྱི་དུས་ཚོད་འོག་ཞི་བདེ་དང་བཟང་སྤྱོད་ཀྱི་རིན་ཐང་ལ་དགོངས་བཞེས་ཧ་ཅང་རྒྱ་ཆེན་པོ་མཛད་མཁན་ཞིག་དང་། རང་དབང་དང་དྲང་བདེན་ཆེད་འཐབ་རྩོད་ཡུན་རིང་རྒྱུན་སྐྱོང་མཛད་མཁན་གྱི་དབུ་ཁྲིད་ཅིག་ཡིན་སྟབས། ང་ཚོས་སྐུ་ཉིད་ལ་དགའ་ཚོར་ཆེན་པོས་གུས་བཀུར་བསྔགས་བརྗོད་ཞུ་རྒྱུ་ཡིན། ལོ་རྒྱུས་ཐོག་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་། བོད། དེ་བཞིན་ངེད་ཀྱི་མེས་པོ་གོང་མ་ཚོའི་རྒྱལ་ཕྲན་དབར་ཚོང་དང་འཆམ་མཐུན་གྱི་འབྲེལ་བ་གཏིང་ཟབ་ཀྱི་ལོ་རྒྱུས་བྱུང་མྱོང་ཡོད། ངེད་ཀྱིས་དེ་རིང་གི་དུས་ཚིགས་ཁྱད་པར་ཅན་གྱི་གོ་སྐབས་འདི་བཟུང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བརྟན་ཅིང་འཛམ་གླིང་སྤྱི་དང་། ལྷག་པར་འཕགས་ཡུལ་གྱི་སྐྱེ་འགྲོ་རྣམས་ལ་འཚེ་མེད་ཞི་བ་དང་དྲང་བདེན་གྱི་ལམ་སྟོན་གནང་སྐྱོང་ཡོང་བ་ཞུ་རྒྱུ་དང་། སྐུ་ཉིད་ཀྱིས་བོད་ཀྱི་བདེན་དོན་ཆེད་འཚེ་མེད་ཞི་བའི་འཐབ་རྩོད་གནང་བ་ལམ་ལྷོང་ཡོང་བའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་ཡིན། ཞེས་སོགས་གསུང་རྗེས།
 མདོ་སྨད་ཆོལ་ཁའི་དབུས་རྒྱུན་ཚོགས་གཙོ་བསྟན་པའི་དངོས་གྲུབ་ལགས་ཀྱིས་༸སྐུའི་གྱ་སྟོན་གོ་སྒྲིག་ཞུ་དགོས་པའི་བརྒྱུད་རིམ་གསུང་བཤད་དང་། ༸སྐུའི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་སྨན་པ་མཁྱེན་རབ་རྒྱ་མཚོ་ལགས་ཀྱིས་༸སྐུའི་གྱ་སྟོན་ཚོགས་ཆུང་གི་ལས་བསྡོམས་༧སྙན་སྒྲོན་ཞུས། དེ་རྗེས་ཞབས་བྲོ་དང་གཞས་སྣ་ཁག་གཅིག་གཟིགས་འབུལ་ཞུས།   དེ་ནས་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན། ཇོ་ནང་དང་བཅས་པའི་བླ་ཆེན་བསྟན་བདག་རྣམ་པ་དང་། སྐུ་ཚབ་རྣམ་པས་རིམ་པས་གསུང་བཤད་གནང་། དེ་ཡང་ཐོག་མར་འཁོན་རིགས་བསྟན་པའི་གཙུག་རྒྱན་དཔལ་ས་སྐྱ་༸གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་དོན། སྔོན་མ་ཁམས་ནས་ཕྱི་ལོ་ ༡༩༥༠ ནང་རྫོང་གསར་མཁྱེན་བརྩེ་རྡོ་རྗེ་འཆང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཞབས་སོར་འཁོད་སྐབས། ༸གོང་ས་༸སྐྱབས་མགོན་ཆེན་པོར་ཞབས་བརྟན་གསོལ་འདེབས་ཤིག་ལྗགས་རྩོམ་གནང་ཡོད། དེའི་ནང་ཐོག་མར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་པ་དང་། དེ་བཞིན་ལམ་རིམ་གྱི་བསྟན་པའི་བདག་པོ་ཡིན་པ་གསུང་འདུག འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་པ་མིའི་འགྲོ་བ་སྤེལ་བ་ནས་བཟུང་སྟེ་ཆོས་རྒྱལ་རིམ་བྱོན་དང་། རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་བུ་བསམ་གྱི་མི་ཁྱབ་པ་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཟམ་མ་ཆད་པར་བྱོན་པ་དང་། ལྷག་པར་རྗེ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་ནས་བཟུང་སྟེ་རྒྱལ་དབང་སྐུ་ཕྲེང་རིམ་འབྱོན་རྣམས་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་པ་ཡོངས་གྲགས་རེད། སྐབས་དེ་དུས་ནས་༸གོང་ས་མཆོག་གིས་ལམ་རིམ་ཆེ་ཆུང་ཁག་ཚང་མ་གསན་བཞེས་གནང་བ་མ་ཟད། གསུང་ཆོས་མང་པོ་ཞིག་གནང་དང་གནང་བཞིན་པ་ཡོངས་གྲགས་རེད། དེ་ནས་དེའི་རྗེས་སུ་ལམ་འབྲས་ཀྱི་བསྟན་པའི་བདག་པོ་ཡིན་པ་དང། ཕྱག་ཆེན་གྱི་བསྟན་པའི་བདག་པོ་ཡིན་པ། རྫོགས་ཆེན་གྱི་བསྟན་པའི་བདག་པོ་ཡིན་པ་སོགས་ཀྱི་བཀའ་གནང་ཡོད། སྤྱིར་བཏང་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་པར་བརྟེན་དེ་བཞིན་གཤེགས་པའི་གསུང་གི་གསང་བའི་མཛད་པ་དམ་པའི་ཆོས་ཀྱི་ཕུང་པོ་མ་ལུས་པའི་འབྱུང་གནས་ཡིན་པ་དོན་ལ་དེ་ལྟར་གནས་ཡོད་རུང་། ཐུན་མོང་གདུལ་བྱའི་སྣང་ངོར་དེ་དག་སྐབས་དེར་ཟབ་ཚུལ་གསན་བཞེས་མཛད་པ་མེད། ཡིན་ནའང་མཁྱེན་བརྩེ་རྡོ་རྗེ་འཆང་གིས་ལུང་བསྟན་གནང་བ་ཇི་བཞིན་རྒྱ་གར་འཕགས་པའི་ཡུལ་ལ་༧ཞབས་སོར་འཁོད་མཚམས་ནས་བཟུང་། རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་བུ་བསམ་གྱིས་མི་ཁྱབ་པ་མང་པོར་བོད་གངས་ཅན་ལྗོངས་ཀྱི་ཟབ་པ་དང་རྒྱ་ཆེ་བའི་གདམས་ངག་སྙན་བརྗོད་མཐའ་དག་བུམ་པ་གང་འཇོའི་ཚུལ་དུ་གསན་བཞེས་མཛད། མཛད་པ་ཙམ་དུ་མ་ཟད་པའི་ཐུགས་ཉམས་སུ་བཞེས། གཞན་ལའང་གསུང་ཆོས་རྒྱ་ཆེན་སྩལ་བ་དང་། གང་ལྟར་ཐུན་མོང་གདུལ་བྱའི་སྣང་ངོར་དངོས་གནས་དྲང་གནས་ཐུབ་བསྟན་ཡོངས་རྫོགས་ཀྱི་བདག་པོ་ཞེས་རང་བཞིན་གྱི་ཆགས་ཡོད་ཅེས་ཞུ་རྒྱུ་ཞིག་དང་། དེ་བཞིན་རྒྱུད་སྡེ་རྒྱ་མཚོའི་བདག་ཉིད་ཡིན་པ་དང་། དཔལ་དུས་འཁོར་དབང་ཆེན་ས་ཕྱོགས་གང་ས་གང་ལ་སྩལ་བ་དང་། སངས་རྒྱས་དངོས་སུ་འབྱོན་པ་ལྟར་དུས་འཁོར་དབང་ཆེན་སྩལ་བ་སོགས་དེ་འདྲ་གསུང་ཡོད། ཅེས་དང་།
སྤྱིར་ང་རང་ལ་མཚོན་ན་ཡོན་ཏན་གང་ཡང་མེད་མཁན་གྱི་མི་ཞིག་ལ་ཚང་མས་བརྩིས་བཀུར་བྱེད་ཀྱི་ཡོད་པ་དེ་གང་རེད་ཟེར་ན། སྐྱབས་མགོན་རིན་པོ་ཆེའི་བཀའ་གང་གནང་བ་དེ་ངས་སྒྲུབ་ཀྱི་ཡོད། གང་ལྟར་བཀའ་དང་མ་འགལ་བ་བྱེད་ཀྱི་ཡོད། དེར་བརྟེན་ང་རང་སྤོབས་པ་སྐྱེ་གི་འདུག ༸གོང་ས་མཆོག་གི་ཁ་སྔོན་བཀའ་སློབ་ཏུ་གང་ཉིད་ཀྱིས་བཀའ་གང་གནང་བ་དེ་བསྒྲུབ་པ་ཡིན་ན་དེ་ཁོང་གི་འཁྲུངས་སྐར་སྲུང་བརྩི་ཞུས་པ་གོ་ཆོད་ཡོད་ཅེས་བཀའ་ཕེབས་པ་བཞིན་ང་ཚོ་བོད་རིགས་ཚང་མས་གང་གི་བཀའ་བཞིན་བསྒྲུབ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དེར་བརྟེན་ང་ཚོ་ཚང་མས་གལ་པོ་ཆེ་ལ་ནན་གཏན་གྱི་དཔེ་ལྟར་ང་ཚོ་ཚང་མས་ད་ནས་བཟུང་༸གོང་ས་མཆོག་གི་བཀའ་ཚུལ་བཞིན་བསྒྲུབ་རྒྱའི་སེམས་ནང་དམ་བཅའ་འཇོག་དགོས་པ་དེ་མཛད་སྟོན་གྱི་འབུལ་བའམ་མཆོད་པ་ཡག་ཤོས་དེ་ཆགས་ཡོད། སྤྱིར་༸རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚོན་ན་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཡིན་པ་བཤད་མ་དགོས་པ་དང་།  ང་རང་གི་ངོས་ནས་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་ཡིན། ཚང་མས་གང་གིས་བཀའ་སློབ་གང་གནང་བ་དེ་ཉིན་ཞག་ཕྲུགས་གཅིག་གི་ནང་ལག་ལེན་བསྟར་ཐུབ་པ་ཡིན་ན། བསྟན་སྲིད་ཀྱི་རིམ་འགྲོ་ཟེར་ནའང་དེ་ལས་ལྷག་པ་མེད་ལ། དེ་བཞིན་ཕྱི་མའི་ལམ་རྒྱགས་ཟེར་ནའང་དེ་ལས་ལྷག་པ་མེད། གང་ལྟར་༸རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ཕེབས་པ་དེ་དག་གང་ཐུབ་ཅི་ཐུབ་ཀྱི་ལག་ལེན་ནང་འཁྱོལ་ཐུབ་པ་ཡིན་ན་འདི་ཕྱིའི་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་ཡིན་པ་ཚང་མས་ཐུགས་ལ་འཇགས་རོགས་གནང་ཞུ་རྒྱུ་ཡིན། མཐའ་དོན་ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་པ་ཡུན་རིང་གནས་པ་དང་། བསྟན་འཛིན་ཀུན་གྱི་གཙུག་རྒྱན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༧རྒྱལ་བའི་དབང་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པ་དང་། རླབས་ཆེན་ཆོས་སྲིད་ཀྱི་མཛད་འཕྲིན་མཐའ་དག་ཐུགས་བཞེད་བཞིན་འབད་མེད་ལྷུན་གྱི་གྲུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་བཀའ་གནང་།
དེ་རྗེས་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས།  དེ་རིང་༸རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་དགུང་ལོ་བརྒྱད་ཅུར་ཕེབས་པར་འཚམས་འདྲི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། ངས་འདིར་ཞུ་དགོས་དོན་དམིགས་བསལ་གང་ཡང་མེད། ཚང་མས་མཁྱེན་གསལ་རེད། ༸རྒྱལ་དབང་ཐམས་ཅད་མཁྱེན་པ་དང་། པཎ་ཆེན་ཐམས་ཅད་མཁྱེན་པ་གཉིས་ང་ཚོས་༸རྒྱལ་བ་ཡབ་སྲས་གཉིས་ཞེས་བཤད་ཀྱི་ཡོད། དེ་ཚང་མར་ཡོངས་གྲགས་ཆགས་ཡོད། ༸རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དང། ༸པཎ་ཆེན་ཐམས་མཁྱེན་པ་མཆོག་འོད་དཔག་མེད་ཀྱི་རྣམ་སྤྲུལ་ཐུན་མོང་མ་ཡིན་པ་ཞིག་ཡིན་པ་མང་པོ་ཞིག་གི་ནང་ལུང་དྲངས་རྒྱུ་ཡོད་པ་ཞིག་ཆགས་ཡོད། ང་ཚོས་བྲོ་འཁྲབ་པ་དང་བསྟོད་པ་ཕུལ་བ་དེ་ཧ་ཅང་ཡག་པོ་རེད། ཡིན་ན་ཡང་གཙོ་བོ་༸རྒྱལ་བ་ཐམས་ཅད་མཁྱེན་པའི་བཀའ་གང་གནང་པ་དེ་སྙིང་ལ་བཅངས་ནས་ལག་ལེན་བསྟར་བ་ཡིན་ན་མཆོད་པའི་ནང་གི་མཆོག་ཏུ་འགྱུར་བ་ཞིག་ཡིན་སྟབས། ང་ཚོས་༸རྒྱལ་བ་ཐམས་ཅད་མཁྱེན་པའི་ཐུགས་དགོངས་བསྒྲུབ་ཐབས་བྱ་རྒྱུ་གལ་ཆེན་པོ་རེད། དེ་ཡང་ལས་བྱེད་རྣམ་པ་ཡིན་ནའང་རེད། སྲིད་སྟེགས་ལ་བཞུགས་མཁན་རྣམ་པ་ཚོ་ཡིན་ནའང་རེད། དགེ་འདུན་པ་རྣམ་པ་ཚོ་ཡིན་ནའང་རེད་ཚང་མས་༸གོང་ས་མཆོག་གིས་བཀའ་གང་གནང་བ་དེ་དག་བསྒྲུབ་ཐུབ་པ་བྱ་རྒྱུ་གལ་ཆེན་ཆགས་ཡོད། སངས་རྒྱས་སྐུ་འཚོ་བཞུགས་གནང་མིན་གདུལ་བྱའི་བསོད་ནམས་ལ་རག་ལུས་ཡོད་སྟབས། ཚང་མས་བཀའ་གསུང་ཅི་སྒྲུབ་ཞུ་རྒྱུ་དང་སྦྲགས། ༸རྒྱལ་བ་ཐམས་ཅད་མཁྱེན་པའི་མཛད་པ་རྒྱས་པ་དང་། ད་ལྟ་འཛམ་གླིང་འདིའི་ཐོག་ཡོང་བཞིན་པའི་ཆུ་ལོག་དང་ས་ཡོམ་གྱི་གོད་ཆགས་སོགས་མི་ཡོང་བའི་སྨོན་འདུན་ཞུ་བཞིན་ཡོད། ཅེས་སོགས་གསུངས།
དེ་ནས་ཞྭ་དཀར་གཡུང་དྲུང་བོན་གྱི་སྐྱབས་རྗེ་སྨན་རི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་དོན།  དེ་རིང་གི་ཉིན་མོ་འདི་ནི་སྤྱིར་སྐྱེ་འགྲོ་ཡོངས་དང་། སྒོས་སུ་ངེད་ཅག་ཁ་བ་གངས་ཅན་པ་ལ་མཚོན་ན། དགའ་དད་སྤྲོ་གསུམ་གྱིས་ཁེངས་པ། ས་ཐོབ་ཀྱི་དགའ་བ་ལས་ཀྱང་མཆོག་ཏུ་གྱུར་བ་དགའ་བ་ཚད་མེད་སྐྱེ་པའི་ཉིན་མོ་ཞིག་ཡིན་པ་ངོས་འཛིན་ཞུ་བཞིན་ཡོད། དེ་ཡང་སྤྱིར་མཐའ་ཀླས་པའི་འཇིག་རྟེན་གྱི་ཞིང་དུ། ཐུགས་རྗེ་ཚད་མེད་པ་སྒྱུ་འཕྲུལ་རབ་འབྱམས་ཀྱི་གསང་གསུམ་སྤྲུལ་པའི་རོལ་གར་བསྒྱུར་ཏེ། འགྲོ་དོན་མཛད་པའི་འཕྲིན་ལས་བསམ་གྱིས་མི་ཁྱབ་པ་དག རྒྱལ་བས་ཀྱང་བརྗོད་པར་མི་ནུས་ན། ཚུར་མཐོང་གི་སྐྱེ་བོ་བདག་ལྟ་བུས་དེ་བས་ཀྱང་བརྗོད་པར་མི་ནུས། འོན་ཀྱང་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་ནས་ཉེ་བར་བཟུང་བའི་རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་བཞིའི་བར་གསུམ་ལྡན་ངུར་སྨྲིག་འཆང་བའི་སྐུ་ཕྲེང་ནོར་བུའི་དོ་ཤལ་ཚར་དུ་དངར་བ་བྱོན་ཏེ། ཐབས་མཁས་ཆོས་སྲིད་ཟུང་འབྲེལ་གྱི་སྒོ་ནས་བོད་ཁམས་ཀྱི་སྐྱེ་འགྲོ་རྣམས་ཞི་བདེ་ལ་བཀོད་པར་མཛད། ལྷག་པར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཉིད། མས་བོར་བའི་དྭ་ཕྲུག་ཐང་ལ་ལུས་པ་ལྟ་བུའི་བོད་འབངས་རྣམས་ལ་མི་བཟོད་པའི་སྡུག་བསྔལ་མྱོང་དགོས་བྱུང་བའི་དུས་འདིར། བུ་གཅིག་པའི་མ་བཞིན་བརྩེ་བ་ཆེན་པོས་བསྐྱངས་གནང་མཛད་དེ། ཆོས་སྡེ་གསར་བཙུགས་ཀྱིས་བཤད་སྒྲུབ་ཀྱི་བསྟན་པ་རྒྱ་ཆེ་སྤེལ་གནང་མཛད་ཅིང་། དེ་བཞིན་གཞིས་ཆགས་དང་སློབ་གྲྭ་ལ་སོགས་གསར་འཛུགས་ཀྱིས་བྱེས་འཁོད་བོད་མི་རྣམས་ལ་ཕུན་སུམ་ཚོགས་པའི་ཁྱིམ་གཞིས་གསར་བསྐྲུན་གྱིས་བཀའ་དྲིན་གནང་།
དེ་བཞིན་འཛམ་གླིང་རྒྱལ་ཁབ་གཞན་རྣམས་ལ་མང་གཙོ་དང་རང་དབང་གི་ཆེད་དུ་ལུས་སྲོག་བརྒྱ་ཕྲག་མང་པོ་འགྲོ་གྲོན་བཏང་སྟེ་ཐོབ་ཐང་རྩོད་བཞིན་ཡོད་ནའང་། ངེད་ཅག་རྣམས་ལ་མང་གཙོ་མར་གསོལ་རས་གནང་བ་དང་། ཆོས་བརྒྱུད་དང་ཆོས་ལུགས་ལ་སོགས་རང་རང་གི་གང་མོས་བཞིན་རང་དབང་དུ་ལོངས་སུ་སྤྱོད་པའི་དུས་རབས་དང་མཐུན་པའི་བཀའ་དྲིན་བླ་མེད་དུ་སྩལ་གནང་མཛད་པར། འཛམ་གླིང་སྐྱེ་འགྲོ་ཀུན་གྱིས་བསྟོད་བསྔགས་ཀྱི་མེ་ཏོག་འཐོར་བཞིན་ཡོད། དེས་ན་དུས་དེ་རིང་ནས་བཟུང་སྟེ་ངེད་ཅག་རྣམས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་དྲན་པ་ཙམ་གྱིས་མི་ཆོག་པར། ༸གོང་ས་མཆོག་གི་ལེགས་ཉེས་བླང་དོར་གྱི་བཀའ་སློབ་ལམ་སྟོན་གནང་བ་རྣམས་ཉམས་སུ་ལེན་རྒྱུ་ནི་གལ་ཆེན་པོ་རེད་བསམ་བཞིན་ཡོད། ལྷག་པར་༸གོང་ས་མཆོག་གི་ཐུགས་ཀྱི་དགོངས་བཞེད་བླ་ན་མེད་པ། བྱམས་པ་དང་སྙིང་རྗེའི་སྒོ་ནས་འཛམ་གླིང་ཞི་བདེ་འབྱུང་རྒྱུར་ཉམས་ལེན་ལ་སྦྱོང་བརྡར་མཛད་ཏེ། སྤྱིར་འཛམ་བུ་གླིང་དང་། བྱེ་བྲག་ཏུ་ཁ་བ་གངས་ཅན་གྱི་ལྗོངས་ཀྱི་སྐྱེ་འགྲོ་རྣམས་ལ་ཞི་བདེའི་འོད་སྣང་ཤར་བ་ཞིག་འབྱུང་ཐུབ་པ་ཡིན་ན། ༸གོང་ས་མཆོག་གི་བཀའ་དྲིན་གསོ་བ་དང་སྐུ་ཚེ་ཁྲི་ལོར་བརྟན་པའི་ཞབས་བརྟན་ཡང་དེ་ལས་ལྷག་པ་ཞིག་ཡོད་པ་མ་རེད་དྲན་གྱི་འདུག  ཅེས་གསུང་བཤད་གནང་།
དེ་རྗེས་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་༸སྐྱབས་རྗེ་འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་དོན། འགྲོ་བ་ལྷ་དང་བཅས་པའི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། འཛམ་གླིང་ཞི་བདེའི་དེད་དཔོན། ༸གོང་ས་ལྷ་མི་༸སྐྱབས་མགོན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་ཏཱ་ལའི་བླ་མ་བསྟན་འཛིན་རྒྱ་མཚོ་མཆོག་དེ་རིང་དགུང་གྲངས་བརྒྱད་ཅུར་ཕེབས་པའི་མཛད་སྒོ་གྲ་རྒྱས་ཕུན་སུམ་ཚོགས་པ། ཤིན་ཏུ་ནས་དགའ་དད་ཆེན་པོའི་བོད་ཀྱི་ལོ་རྒྱུས་ཐོག་གི་ཤོག་ལྷེ་གསར་པ་ཕྱེ་བ་འདི་ལ་དེ་རིང་ངས་གོ་སྐབས་དང་བསྟུན་ནས་སྙིང་ཁོང་རུས་པའི་གཏིང་ནས་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་རིང་འདིར་༸སྐུའི་གྱ་སྟོན་གྱི་ཉིན་མོ་འདི་ལ་ང་ཚོས་༸གོང་ས་ལྷ་མིའི་སྐྱབས་མགོན་མཁྱེན་གཟིགས་ཆེན་པོ་སྐུ་ཁམས་གསལ་བཞིན། ༸སྐུ་མཐོང་གྲོལ་རིན་པོ་ཆེ་ཞལ་མཇལ་གསུང་ཐོས་པ་དང་། ཁོང་གི་མཛད་པ་དེ་བཞིན་ཡར་ངོའི་ཚེས་བཅོ་ལྔའི་ཟླ་ལྟར་ཆ་ཤས་ཡོངས་སུ་རྫོགས་ནས་བཞུགས་པ་དེར་ང་ཚོ་ཧ་ཅང་གི་བསོད་ནམས་ཆེན་པོ་ཞིག་མ་རེད་དམ། ང་ཚོ་འདི་འདྲའི་དགའ་བ་ལ། ང་ཚོ་འདི་འདྲའི་སྐྱིད་པ་ལ། དེ་རིང་ང་ཚོ་འདིར་ཡོད་པའི་བོད་མིས་གཙོས་པའི་གཞིས་བྱེས་གཉིས་ཀྱི་བོད་མི་ཡོངས་རྫོགས་ཀྱི་བསོད་ནམས་ཤིག་ཡིན་པར་མ་ཟད། འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་བསོད་ནམས་ཀྱི་བགོ་སྐལ་དུ་གྱུར་ཡོད། དེ་ཙམ་དུ་མ་ཟད་དེ་རིང་འཛམ་གླིང་འདིའི་ནང་ཡོད་པའི་བྱ་དང་རི་དྭགས། སྲོག་ཆགས་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཤིག་དང་སྐལ་བ་ཞིག་ཏུ་གྱུར་ཡོད། དེའི་རྒྱུ་མཚན་གང་ཡིན་ཟེར་ན། འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དེ་༸རྒྱལ་བའི་གསུང་རབ་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་རྒྱས་འབྲིང་བསྡུས་གསུམ་གྱི་སྙིང་པོའི་སྙིང་པོ་རུ་གྱུར་པ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཤེར་སྙིང་གི་ནང་ལ། སྟོང་ཉིད་སྙིང་རྗེའི་རང་གཟུགས་སུ་བྱོན་ནས་སྐྱེ་འགྲོ་རྣམས་ལ་མ་འདྲིས་པའི་མཛའ་བཤེས་ཆེན་པོར་གྱུར་ཡོད། ཁོང་གི་སྟོང་ཉིད་སྙིང་རྗེ་ཆེན་པོ་དེའི་རང་གཞི་ལ་དཔག་པའི་ས་སྟེང་སྐྱེ་འགྲོ་འདིའི་ནང་ལ། རང་ཅག་ཁ་བ་རི་པའི་བོད་མིས་མཚོན་ས་སྟེང་མི་མང་ཡོངས་ལ་འགྲོ་བ་མིའི་ཐོབ་ཐང་འདྲ་མཉམ་དགོས་པ་དེའི་ཐོག་ལ། ད་ལྟ་དགུང་ལོ་བརྒྱད་ཅུར་ཕེབས་པའི་བར་དུ་སྐུ་ལས་བསྐྱོན་ནས་འགྲོ་བ་མི་ཡོངས་ཁྱབ་ཀྱི་ཆེད་དུ་བཀའ་དྲིན་བསྐྱངས་དང་སྐྱོང་བཞིན་པ་དེར། འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱིས་ཆེ་བསྟོད་དང་རྒྱབ་སྐྱོར་ཞུས་དང་ཞུ་བཞིན་པ་ཞིག་རེད། འགྲོ་བ་མིའི་ཐོབ་ཐང་དང་འདྲ་མཉམ་སྐྱོང་རྒྱུ་དེའང་འཚེ་མེད་ཞི་བའི་ལམ་བུའི་ཐོག་ཏུ་བསྐྱོད་ནས་སྐྱོང་བཞིན་པ་རེད། ཅེས་སོགས་གསུང་བཤད་གནང་།
དེ་ནས་དཔལ་སྔ་འགྱུར་རྙིང་མའི་མངའ་བདག་སྟག་ལུང་རྩེ་སྤྲུལ་རིན་པོ་མཆོག་གི་སྐུ་ཚབ་སྐྱབས་རྗེ་ཀཿ་ཐོག་དགེ་རྩེ་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་དོན། ༧རྒྱལ་བ་སྐུ་ཕྲེང་བཅུ་བཞི་བ་མཆོག་གིས་ཆོས་ལུགས་ཡོངས་ཀྱི་བསྟན་པའི་བདག་པོ་བརྒྱབ་ཡོད་པ་དང་། དེ་བཞིན་དུ་ལྷོ་གྲུབ་ཆེན་དང་ཀཿ་ཐོག་རིག་འཛིན་ཆེན་མོ་སོགས་མི་ལོ་སུམ་བརྒྱ་ཡར་སྔོན་གྱི་བླ་མ་འདི་དག་གིས་ལུང་བསྟན་གནང་ནས་ད་ལྟའི་ཡིད་བཞིན་ནོར་
བུའི་མཚན་དང་དགོངས་སྙིང་དང་། མཛད་པ་འཕྲིན་ལས། མ་འོངས་པའི་འགྲོ་དོན། མ་འོངས་པར་རྡོ་གྲུབ་རིན་པོ་ཆེ་དང་ཡིད་བཞིན་ནོར་བུ་གཉིས་ལ་འབྲེལ་བ་ཡོད་ཚད་སོགས་གསུངས་ཡོད་པ་དག་ནི་མི་ཞིག་ལ་ཐད་ཀར་ངོ་བསྟོད་ཙམ་མ་ཡིན་པར་ལོ་གཉིས་བརྒྱ་སུམ་བརྒྱ་སྔོན་ནས་གསུངས་ཡོད་པ་ཞིག་ཡིན་པ་དང་། འབྲི་གུང་སྐྱབས་མགོན་རིན་པོ་ཆེས་གསུངས་པ་ལྟར། ང་ཚོ་སྐྱིད་པ་དང་དགའ་བའི་སྐལ་བ་ལྡན་ཡོད་པ་དངོས་གནས་རེད། བློ་སྦྱོང་མཐའ་དག་གི་སྔོན་འགྲོ་དང་ལམ་རིམ་སོགས་སྦྱོང་མི་ཐུབ་ཀྱང་ཡིད་བཞིན་ནོར་བུ་ཁོང་གིས་མཛད་པ་འཕྲིན་ལས་སློབ་སྦྱོང་བྱས་པ་ཡིན་ན་དེ་ལས་གང་ཡང་ཡོད་མ་རེད། ཅེས་སོགས་གསུང་བཤད་གནང་།
དེ་ནས་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་འབྲུག་ཆེན་རིན་པོ་ཆེའི་སྐུ་ཚབ་མཁན་པོ་ངེས་དོན་བསྟན་འཛིན་མཆོག་གིས་གསུང་བཤད་གནང་དོན། སྐྱབས་མགོན་རིན་པོ་ཆེའི་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་ཆེད་དུ་སེམས་ཅན་ཚེ་ཐར་དང་ཤིང་སྡོང་འཛུགས་རྒྱུ་སོགས་ཀྱི་དགེ་བ་བསྒྲུབས་ཡོད། ཁ་སང་༸རྒྱལ་བ་རིན་པོ་ཆེ་སྐུ་དངོས་ཀྱིས་གསུང་དྲོན་མོ་གསུངས་པ་དེ་༸རྒྱལ་བ་རིན་པོ་ཆེའི་དགོངས་པ་དང་མཐུན་པ་ཆོས་དང་འཇིག་རྟེན་ག་རེ་བྱས་ཀྱང་བླ་མའི་ཞབས་བརྟན་ལ་ཕན་ཐོགས་ཡོད་པ་བཀའ་གནང་དུས། འདིར་ཕེབས་པའི་སྐྱ་སེར་ཕོ་མོ་ཚང་མས་དེ་ཐུགས་ལ་འཇགས་ནས་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་ཕྱག་ལས་གནང་གི་ཡིན་ཞེས་དམ་བཅའ་ཞུ་ཐུབ་པ་ཡིན་ན་ཡག་པོ་འདུག་དྲན་གྱི་འདུག དེ་རིང་ང་སྐྱབས་མགོན་འབྲུག་པའི་སྐུའི་ཚབ་བྱས་ཏེ་བཅར་བ་ཡིན་དུས་འབྲུག་པའི་ཆོས་བརྒྱུད་རྗེས་འབྲང་བ་ཚང་མའི་ཚབ་ཞུས་ཏེ། དུས་དང་རྣམ་པ་ཀུན་ཏུ་མགོན་པོ་གང་གི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་མགོན་པོ་གང་ཉིད་ཀྱི་དགོངས་གཞི་དང་མཐུན་པར་ཆོས་དང་འཇིག་རྟེན་གྱི་བྱ་བ་གང་ཡང་རུང་བ་རྩེ་གཅིག་ཏུ་བྱས་དང་བྱེད་མུས་ལྟར། འབྱུང་གྱུར་གྱི་དུས་སུའང་མགོན་པོ་གང་ཉིད་མཆོག་གི་དགོངས་གཞི་དང་མཐུན་པའི་བྱམས་དང་སྙིང་རྗེའི་ཉམས་ལེན་གཙོ་བོར་བཟུང་ནས་སྤྱི་ཚོགས་ནང་བདེ་སྐྱིད་བསྐྲུན་ཐུབ་རྒྱུ་དང་། རྩི་ཤིང་འདེབས་འཛུགས་སོགས་ཀྱིས་མཚོན་པའི་དགོན་པ་སྤྱི་དང་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུའི་འབད་བརྩོན་བྱ་རྒྱུ། ལྷག་པར་རང་ཅག་ཁ་བ་རི་པའི་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། བྱེ་བྲག་མགོན་པོ་གང་ཉིད་ལ་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་གང་ཐུབ་ཀྱི་ཞབས་ཏོག་ཞུ་རྒྱུའི་དམ་བཅའ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་།
དེ་ནས་དཔལ་ཇོ་ནང་པའི་རྒྱལ་ཚབ་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་དོན། ༸གོང་ས་༸སྐྱབས་མགོན་ཆེ་པོ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རླབས་ཆེན་མཛད་རྗེས་ལ་བཀའ་དྲིན་རྗེས་དྲན་ཞུས་པ་དང་སྦྲགས། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན། དེ་བཞིན་ཇོ་ནང་བཅས་གྲུབ་མཐའི་ཆོས་བརྒྱུད་དེ་མི་ཉམས་གོང་སྤེལ་དང་ཉམས་པ་སླར་གསོ་བྱེད་ཆེད་མགོན་པོ་ཁོང་གིས་ཐུགས་བརྩེ་བ་ཆེན་པོས་གཟིགས་པ་དང་། ལྷག་པར་ཆོས་བརྒྱུད་ཚོའི་ནང་ནས་ཉམ་ཆུང་ཉག་ཕྲ་བ་ཇོ་ནང་བ་ཚོར་མཚོན་ན་ངས་འདི་ནས་མི་མང་ཚོར་གསལ་བཤད་མི་དགོས་པ་ཆགས་ཡོད་པ་དེ་ཡིན་ཡང་། བྱམས་དང་སྙིང་རྗེའི་ཐུགས་བརྩེ་བ་ཆེན་པོ་གཟིགས་ནས་ཕ་མས་བུ་ཕྲུག་སྐྱོང་བ་ནང་བ་ལྟར། ང་ཚོ་མར་རྒུད་ཕྱིན་སྐབས་དེར་ཡར་འཐེན་ནས་བོད་ཀྱི་ཆོས་བརྒྱུད་ཚང་མའི་ནང་ཡར་ཚུད་པ་དང་། ང་ལྟ་བུས་ཚིག་ཁ་ཤས་བཤད་ཐུབ་པ་དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ཉག་ཅིག་ཡིན་པ་དང་། དེ་བཞིན་དུ་འཛམ་གླིང་ཡུལ་གྲུ་གང་དང་བོད་ཀྱི་ཆོས་བརྒྱུད་གང་ལ་མཛད་པ་བསམ་གྱི་མི་ཁྱབ་པ་སྐྱོང་བཞིན་ཡོད་པ་བཤད་མ་དགོས་སྟབས། དམིགས་བསལ་དཔལ་རྒྱལ་བ་ཇོ་ནང་བའི་ཚབ་བྱས་ནས་བཀའ་དྲིན་ཆེ་ཞུ་གྱིན་ཡོད། དེ་བཞིན་ང་ཚོས་ནམ་རྒྱུན་༸གོང་ས་མཆོག་ལ་བཀུར་བསྟོད་ཀྱི་ཚུལ་དུ་༧གོང་ས་ལྷ་མིའི་རྣམ་འདྲེན་འཛམ་གླིང་ཞི་བདེའི་དེད་དཔོན་ཞེས་འབོད་ཀྱིན་ཡོད་ཀྱང་། ང་རང་གི་སྙིང་ནས་དྲན་ཡག་དེ་གསོལ་ཚིགས་ཙམ་མིན་པར་དངོས་གནས་དོན་ལ་གནས་པའི་བསྟོད་པ་དང་བསྔགས་པ་བྱ་དགོས་པ་ཞིག་ཀྱང་ཡིན། ཞེས་སོགས་གསུང་བཤད་གནང་།
དེ་ནས་ཁེ་ན་ཌའི་གདོད་མའི་མི་རིགས་ཀྱི་དབུ་ཁྲིད་ཨི་ཌི་ཇོན་མཆོག་གིས་ཉེ་ཆར་༸གོང་ས་མཆོག་ཨོ་སི་ཊོ་ལི་ཡའི་བྱང་ཕྱོགས་ཁུལ་དུ་གདོད་མའི་མི་རིགས་ཀྱི་རྩ་ཆེའི་གནས་རི་ཨུ་ལུ་རུ་ཞེས་པར་གནས་གཟིགས་སུ་ཆིབས་སྒྱུར་བསྐྱངས་སྐབས་ཁུལ་དེའི་གདོད་མའི་མི་རིགས་ཁག་གཅིག་དང་ལྷན་མཇལ་འཕྲད་ཀྱིས་གདོད་མའི་མི་རིགས་དང་འབྲེལ་བའི་བཀའ་སློབ་གཟབ་རྒྱས་སྩལ་བར་ཁོང་རང་ཉིད་གདོད་མའི་མི་རིགས་ཀྱི་ཚོགས་པའི་འགོ་ཁྲིད་ཅིག་ཡིན་པར་བརྟེན་སེམས་ཚོར་ཧ་ཅང་ཤུགས་ཆེ་བྱུང་སྐོར་སོགས་གསུང་བཤད་དང་། གདོད་མའི་མི་རིགས་ལོ་ན་ ༩༤ སོན་པ་ཞིག་གིས་ལྷས་མ་སླས་པའི་ཞབས་ལྷམ་གཅིག་དང་ཁེ་ན་ཌའི་གདོད་མའི་མི་རིགས་ཀྱི་མཚོན་རྟགས་གཟན་གོས་ (Shawl) གཅིག་འབུལ་ལམ་ཞུས་ཏེ་གདོད་མའི་མི་རིགས་ཀྱི་གོམས་སྲོལ་དུ་སྐུ་མགྲོན་ནང་དུ་ཕེབས་སྐབས་ཁོང་ལ་ཆེ་བསྟོད་ཞུ་ཆེད་གཟན་གོས་དེ་གཡོག་སྲོལ་ཡོད་སྐོར་སྙན་སེང་དང་སྦྲགས་ཕྱག་རྟགས་སུ་ཕུལ།
དེ་རྗེས་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་གསུང་བཤད་གནང་དོན། ནམ་རྒྱུན་སྐུ་མདུན་དབུ་བཞུགས་སྐབས་ངོས་རང་སྐད་ཆ་ཤོད་རྒྱུར་འཚེར་ཏེ་སྐད་ཆ་ཁ་ནས་ཐོན་ཁག་པོ་བྱེད་ཀྱི་འདུག དེ་རིང་སྐུ་མདུན་གྱི་བྱིན་རླབས་ཞུས་ཏེ་བློ་ཁོག་ཕྲན་བུ་སྐྱེས་ནས་ཞུ་རྒྱུ་ཡིན། མ་གཞི་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང་སྐུ་ཚབ་རྣམ་པས་བཀའ་སློབ་ཧ་ཅང་རྒྱས་པོ་ཕེབས་སོང་། དེར་བརྟེན་ངས་ད་དུང་མང་པོ་བཤད་ནས་བསྡད་ན་མི་མང་ཚོ་ཐུགས་ཉོབ་རྒྱུ་མ་གཏོགས་གང་ཡང་ཡོང་ས་མ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགུང་ལོ་ཆུང་ངུའི་དུས་ནས་བསྟན་པ་དང་འགྲོ་བའི་དོན་དུ་འགན་ཁུར་བཞེས་གནང་མཛད་པ་དང་། ལྷག་པར་དགུང་ལོ་བཅུ་དྲུག་ནས་བཟུང་སྟེ་བོད་ཀྱི་རྒྱལ་སྲིད་ཆོས་སྲིད་ཀྱི་འགན་ཁུར་ཆ་ཚང་མཛད་ཐོག ཉིན་མཚན་དབྱེར་མེད་སྐུ་ངལ་ཧ་ཅང་ཆེན་པོ་ཞིག་བསྐྱོན་ཡོད་པ་དེ་ང་ཚོ་ཚང་མས་མཁྱེན་གསལ་རེད། སྤྱིར་རྒྱལ་སྲིད་ཆོས་སྲིད་ཀྱི་འགན་བཞེས་བཤད་སྐབས་ལ་མཚན་རྫིག་པོ་ཞིག་ཡོད་རེད་དེ། སྐབས་དེ་དུས་བོད་ཀྱི་གནས་སྟངས་དེ་ཧ་ཅང་ཛ་དྲག་ཞིག་དང་། མགོན་པོ་གང་ཉིད་སྐུ་ལས་ཧ་ཅང་ཁག་པོ་ཞིག་ཆགས་བསྡད་པའི་གནས་སྐབས་དེར། ༸རྒྱལ་བ་རིན་པོ་ཆེ་མཆོག་གིས་དགུང་ལོ་གཞོན་གཞོན་དེ་འདྲ་ཞིག་གི་ཐོག་ནས་ཐུགས་འགན་དེ་འདྲ་ཞིག་བཞེས་དགོས་པ་ཆགས་པ་རེད།  སྐབས་དེ་དུས་ཐུགས་འཚབ་དང་སྐུ་ངལ་ག་ཚོད་ཅིག་ཡོད་པ་དེ་ང་ཚོ་སྤྱིར་བཏང་གི་མི་ཚོས་བཤད་ཐུབ་རྒྱུར་དཀའ་ལས་ཁག་པོ་རེད། དེ་ཡང་བོད་ལ་སྔར་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་འགྱུར་ལྡོག་ཆེན་པོ་ཞིག་བྱུང་ནས། བོད་མི་ཚང་མ་གཞིས་བྱེས་གཉིས་སུ་གྱར།
ལྷག་པར་༸སྐུ་མདུན་མཆོག་བོད་དུ་བཞུགས་མ་ཐུབ་པར་བཙན་བྱོལ་དུ་ཕེབས་དགོས་པའི་གནས་སྟངས་ཆགས་པ་རེད། གང་ལྟར་སྐུ་ངལ་ཆེན་པོ་ཞིག་གི་འོག་ད་ལྟའི་བར་དུ་སྐུ་ངལ་འཛེམས་མེད་ཀྱི་ཐོག་ནས་ཕྱག་ལས་མཛད་པ་ཡིན་དུས། ཐུགས་རྗེ་ཆེ་ཞེས་ཞུས་པ་ཙམ་གྱིས་མཚོན་ཐུབ་རྒྱུ་ཞིག་གང་ཡང་མེད་པའི་བཟོ་འདྲ་བོ་ཞིག་རེད། ཡིན་ནའང་དེ་རིང་གི་གོ་སྐབས་འདི་དང་བསྟུན་ནས་ད་ལྟའི་བར་དུ་སྤྱིར་འཛམ་གླིང་དང་ཡང་སྒོས་བོད་གངས་ཅན་ལྗོངས་ཀྱི་བསྟན་པ་དང་འགྲོ་བའི་དོན་དུ། སྐུ་གསུང་ཐུགས་ཀྱི་ངལ་བ་ཁྱད་གསོད་མཛད་པ་དེ་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ༸སྐུ་མདུན་མཆོག་གི་སྐུ་གསང་ཐུགས་ཀྱི་མཛད་འཕྲིན་དང་སྐུ་ཆེ་བའི་ཡོན་ཏན་དེ་ཚོ་བཤད་དགོས་རྒྱུ་མེད་པ་གསལ་པོ་གསལ་རྐྱང་ཆགས་ཡོད་པ་ཡིན་ཙང་། ངས་མང་པོ་ཞིག་ཞུ་བསྡད་པ་ཡིན་ནའང་ཆོ་གང་ཡང་མཐོང་གི་མི་འདུག གལ་ཆེ་ཤོས་དེ་༸གོང་ས་མཆོག་དགུང་ལོ་བརྒྱད་ཅུར་ཕེབས་ཡོད་པ་དང་། སྐབས་འདིར་གྱ་སྟོན་འདི་འདྲ་ཞིག་གོ་སྒྲིག་གནང་ཐུབ་པ་དེ་ལ་མདོ་སྨད་གོ་སྒྲིག་ཚོགས་ཆུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ༸གོང་ས་མཆོག་ལ་མཆོད་པ་ཕུལ་རྒྱུ་ཡག་ཤོས་དེ་མགོན་པོ་གང་ཉིད་ཐུགས་དགྱེས་རྒྱུ་དེ་རེད། དེ་འདྲ་ཡིན་དུས་མགོན་པོ་མཆོག་གིས་གང་གསུངས་པའི་དགོངས་གཞི་དེ་ང་རང་ངོས་ནས་གང་ཐུབ་ཅི་ཐུབ་དང་། ནུས་པས་གང་ལྕོགས་ཀྱིས་དགོངས་བཞེད་གང་ཡོད་པ་དེ་འགྲུབ་ཐུབ་པ་དེ་འདྲ་ཞིག་བྱུང་པ་ཡིན་ན། ༸སྐུ་མདུན་ཐུགས་དགྱེས་རྒྱུའི་རྒྱུ་ཡག་པོ་ཡོང་གི་རེད་བསམ་གྱི་འདུག ང་རང་ངོས་ནས་ཡིན་ནའང་༸སྐུ་མདུན་ཐུགས་དགྱེས་རྒྱུ་མ་གཏོགས། ཐུགས་མི་དགྱེས་པའི་ལས་ཀ་ཕྲ་མོ་ཙམ་ཡང་མི་ཡོང་བའི་སྨོན་འདུན་ཞུ་གི་ཡོད། མ་འོངས་པར་༸གོང་ས་མཆོག་དགུང་གྲངས་དགུ་ཅུར་ཕེབས་སྐབས། སྐུའི་དགུ་སྟོན་བོད་གངས་ཅན་ལྗོངས་སུ་བརྩི་སྲུང་བྱ་ཐུབ་པའི་རེ་བ་དང་སྨོན་འདུན་ཞུ་གི་ཡོད་པ་མ་ཟད། ད་ལྟ་༸གོང་ས་མཆོག་ཉིད་དགུང་གྲངས་མཐོ་བོར་ཕེབས་ཡོད་ཙང་། སྐུ་གསུང་ཐུགས་གསུམ་ལ་འཕྲོད་བཞེས་མཛད་ནས་ཐུགས་ལྷོད་ལྷོད་མཛད་ནས་བཞུགས་རོགས་གནང་། ཞེས་སོགས་གསུང་བཤད་གནང་།
དེ་རྗེས་བཞུགས་སྒར་རྡ་རམ་ས་ལའི་མེག་ལོར་གྱི་ས་གནས་ཡུལ་མིའི་འགོ་ཁྲིད་མི་སྣ་ཁག་ཅིག་ལ་༧གོང་ས་མཆོག་གིས་མཇལ་ཁ་སྩལ་བ་དང་ལྷན་དུ་སྐུ་པར་སྒྲོན་རྗེས་བོད་གཞས་ཁག་དྲུག་ཙམ་གཟིགས་འབུལ་ཞུས་རྗེས་སྤྱི་ནོར་༸གོང་ས་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་ཨ་རི་དང་ལྷོ་ཨ་རི། ཡུ་རོབ། ནིའུ་ཛི་ལེན་ཌི། ཐེ་ཝན། ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་བཅས་ཀྱི་གནས་སྟངས་དང་དཀའ་ངལ། གོམས་གཤིས་སོགས་ཀྱི་སྐོར་བཀའ་སློབ་སྩལ་བ་དང་སྦྲགས་མུ་མཐུད་བཀའ་སློབ་ཕེབས་དོན།  གདོད་མའི་མི་རིགས་ཚོ་ཐུག་སྐབས་ཁོང་ཚོར་སོ་སོའི་མི་རིགས་དང་གོམས་གཤིས་སྲུང་སྐྱོབ་བྱེད་པར་ཡི་གེ་དགོས་པ་རེད། ཁྱེད་ཚོར་ཡི་གེ་ཡོད་དམ་ཞེས་དྲིས་སྐབས་མང་ཆེ་བས་ཡི་གེ་མེད་ཅེས་བརྗོད་ཀྱི་འདུག གདོད་མའི་མི་རིགས་ཧ་ལམ་ཚང་མར་ཡི་གེ་མེད། གདོད་མའི་མི་རིགས་སོ་སོར་སྔ་མོ་ནས་ཡི་གེ་མེད་སྟབས་ཡི་གེ་གསར་པ་བཟོས་ན་ཡག་པོ་ཡོད་ཅེས་བརྗོད་ཀྱི་ཡོད། མིར་འདི་ལྟར་བརྗོད་སྐབས་སོ་སོར་སྤོབས་པ་སྐྱེ་གི་འདུག ང་ཚོ་བོད་པར་ལོ་སྟོང་ཕྲག་གོང་ནས་བོད་ཡིག་ཡོད། ཆོས་རྒྱལ་སྲོང་བཙན་གོང་ནས་བོད་ཡིག་ཡོད་རུང་མེད་རུང་གང་ལྟར་བོད་ཡིག་ཡོད། ཡི་གེ་དེའང་ཧ་ཅང་ཕྱུག་པོ་རེད། ལེགས་སྦྱར་གྱི་སྐད་དང་མཉམ་དུ་འགྲོ་ཐུབ་པའི་ཡི་གེ་ཞིག་ཆགས་ཡོད། དེ་དང་པོ་ནས་བོད་པར་ཡོད་པའི་སྐད་ཆ་ཞིག་མ་རེད། ལེགས་སྦྱར་གྱི་གཞུང་དེ་དག་བོད་ཡིག་ལ་བསྒྱུར་ཏེ་མིང་ཚིག་གསར་པ་དེ་འདྲ་བཟོས་པ་ཞིག་ཡིན། དེ་ནས་རིམ་པས་ལེགས་སྦྱར་གྱི་མིང་ཚིག་གི་བརྗོད་བྱ་ཏག་ཏག་ཅིག་བོད་ཡིག་ཐོག་བསླབ་ཐུབ་པ་ཆགས་ཡོད། སོ་སོའི་མི་རིགས་འདི་ལྟ་བུ་ཞིག་ཡོད། གཞི་ནས་དངོས་གནས་མེས་པོ་ཚོ་ཧ་ཅང་བཀའ་དྲིན་ཆེན་པོ་རེད་བསམས་པ་དྲན་གྱི་འདུག དེ་བཞིན་རྣམ་དཔྱོད་ཀྱི་རྩལ་དེ་ཧ་ཅང་ཡག་པོ་འདུག སོ་སོ་སྤོབས་པ་སྐྱེ་བ་ཞིག་འདུག ཅེས་དང་། དེ་ནས་གདོད་མའི་མི་རིགས་ཚོའི་ཡ་ང་བའི་གནས་སྟངས་སྐོར་བཀའ་སྩལ་བ་དང་འབྲེལ་ཁོང་ཚོར་ཤ་ཚ་དང་སེམས་ཁུར་མཛད་བཞིན་ཡོད་པ་དང་། བོད་རིགས་ཚོས་གོ་སྐབས་ནམ་བྱུང་ལ་ཁོང་ཚོར་རོགས་པ་བྱེད་དགོས་ཞེས་སོགས་ཀྱི་བཀའ་གནང་སྩལ་རྗེས་ཁེ་ན་ཌ་ནས་ཕེབས་པའི་གདོད་མའི་མི་རིགས་ཀྱི་འགོ་ཁྲིད་ཨི་ཌི་ཇོན་མཆོག་ལ་ཐུགས་རྗེ་ཆེ་ཞུས།
དེ་ནས་སླར་ཡང་། ང་ཚོ་འཛམ་གླིང་འདིའི་སྟེང་གི་མི་དུང་ཕྱུར་བདུན་ཅུ་ཡོད་པ་ཚང་མ་མི་གཅིག་པ་རེད། ང་རང་ཚོ་མི་སྒེར་པ་སོ་སོའི་བདེ་སྡུག་དེ་འཛམ་གླིང་སྤྱི་དང་འབྲེལ་བ་ཡོད། ད་ལྟ་སྔ་མོ་དང་འདྲ་གི་མ་རེད། སྔ་མོ་ཡིན་ན་གླིང་ཆེན་སོ་སོའི་ནང་རྒྱལ་ཁབ་སོ་སོ་དང་ས་ཁུལ་སོ་སོས་རང་ཁ་རང་གསོ་བྱས་ནས་སྡོད་ཀྱི་ཡོད། གཅིག་གིས་གཅིག་ལ་བརྟེན་གྱི་མེད། དུས་རབས་ ༢༠ པའི་སྨད་ནས་དུས་རབས་ ༢༡ པའི་ནང་རང་བཞིན་གྱིས་ང་རང་ཚོའི་དཔལ་འབྱོར་དང་། ཤེས་ཡོན། རིག་རྩལ་སོགས་མང་པོ་ཞིག་གི་ཐོག་ནས་གཅིག་གྱུར་གྱི་རྣམ་པ་དེ་ཤུགས་ཆེན་པོ་ཆགས་ཡོད། དང་དུ་བླངས་ནས་བྱས་པ་ཞིག་མིན་ནའང་གཅིག་གྱུར་གྱི་ཚོར་བ་བསླེབས་ཀྱི་ཡོད། ང་ཚོ་བོད་པ་ཚོར་ཆ་བཞག་ནའང་འཛམ་གླིང་གི་མི་དུང་ཕྱུར་བདུན་ཅུའི་ཆ་ཤས་ཤིག་ཆགས་ཡོད། འཛམ་གླིང་འདིའི་ནང་མི་དུང་ཕྱུར་བདུན་ཅུ་དེ་དག་བདེ་སྐྱིད་ལྡན་པ་ཞིག་བྱུང་ན་ཚང་མར་ཁེ་བཟང་རག་གི་རེད། ང་ཚོ་དང་ཐད་ཀར་འབྲེལ་བ་ཡོད་པ་རྒྱ་ནག་ནང་དོན་དམ་གྱི་མིའི་སེམས་ནང་ཞི་བདེ་ཡོད་པ་ཞིག་བྱུང་ན། ང་ཚོ་བོད་པ་དང་ཤིན་ཅང་སོགས་ཚང་མར་ཕན་པར་མ་ཟད། རྒྱ་གར་ལ་ཡང་ཕན་གྱི་རེད། གང་ལྟར་འཛམ་གླིང་འདིའི་སྒང་འཁྲུག་པ་རྒྱག་བཞིན་པ་མང་པོ་གཅིག་ང་ཚོ་དང་ཁོ་ཚོ་ཞེས་པའི་ཚིག་འདིའི་འོག་ནས་རྙོག་དྲ་ཡོང་བཞིན་ཡོད། ང་ཚོ་གཅིག་པ་ཡིན་པའི་འདུ་ཤེས་འདི་ཧ་ཅང་གལ་ཆེན་པོ་ཡིན།  གཅིག་པ་ཡིན་པའི་འདུ་ཤེས་བྱུང་ན་མི་གཞན་པ་དེའི་སྐད་ཡིག་དང་། ཚོས་གཞི་མི་འདྲ་བ། ཆོས་དད། རྒྱལ་ཁབ། དབུལ་ཕྱུག་གང་འདྲ་ཡིན་རུང་མི་གཅིག་པ་ཡིན་བསམ་པའི་འདུ་ཤེས་ཡོད་ན། དེར་ཐུབ་ཚོད་དང་མི་གསོད་ཀྱི་མ་རེད། ང་ཚོ་དང་ཁྱེད་ཚོ་ཞེས་པའི་བསམ་བློ་དེའི་ཐོག་ནས་མཐར་གཏུགས་ཡོང་དུས་ང་ཚོ་ཟེར་བའི་ཚིག་དེ་ཕར་བསྡུས་ནས་ང་ཞེས་པའི་ཐོག་ལ་འགྲོ་སྐབས་དབུལ་ཕྱུག་གི་ཁྱད་པར་དང་ཐུབ་ཚོད་གཏོང་རྒྱུ། མགོ་སྐོར་གཏོང་རྒྱུ། དབང་ཡོད་བཤད་རྒྱུ། གསོད་རེ་བྱེད་པ་ཚང་མ་མཐར་ཐུག་དེ་ (self centered attitude) རང་ཉིད་གཙོ་བཟུང་གི་བསམ་བློའི་འཁྱེར་སོ་དེས་རྙོག་དྲ་ཚང་མ་བཟོ་གི་ཡོད། འདི་ལྟ་བུའི་བསམ་བློ་དེ་ནོར་འཁྲུལ་ཡིན་པ་ངོ་སྤྲོད་བྱེད་རྒྱུ་དེ་ཆོས་དང་འབྲེལ་བ་གང་ཡང་མེད། ཆོས་དང་མ་འབྲེལ་བའི་ཐོག་ནས་ཚན་རིག་དང་མཐུན་པ་དང་མཐོང་ཆོས་ཀྱི་གནས་ཚུལ་གྱི་ཐོག་ནས་ངོ་སྤྲོད་བྱེད་རྒྱུ་ཡོད། དེར་བརྟེན་འཛམ་གླིང་འདིའི་ནང་མི་དུང་ཕྱུར་བདུན་ཅུ་ཡོད་པའི་ཁོངས་ནས་གདོད་མའི་མི་རིགས་ལ་དམིགས་བསལ་གྱི་དཀའ་ངལ་འཕྲད་བཞིན་པ་དེའི་ཐོག་ལ་བསམ་བློ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག སྨོན་ལམ་གཅིག་ལས་མེད་ཀྱང་རྒྱག་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། སེམས་ཁུར་ཆེན་པོ་ཡོད་དེ་ཁོང་ཚོ་མཉམ་དུ་ཉིན་མ་གཅིག་སྡོད་དགོས་པ་བརྗོད་ན་སྡོད་ཐུབ་ཨེ་ཡོང་། ཁོང་ཚོ་ཧ་ཅང་སྐྱོ་པོ་འབུ་ཟས་ནས་སྡོད་ཀྱི་འདུག འདི་་དེ་རིང་འདིར་བཤད་འདོད་བྱུང་།
དེ་རིང་མདོ་སྨད་ཆོལ་ཁས་ངོས་རང་ལོ་བརྒྱད་ཅུ་ཟིན་པའི་དུས་ཆེན་གོ་སྒྲིག་བྱས་པ་རེད། ༸རྒྱལ་བ་རིན་པོ་ཆེ་བོད་སྤྱིའི་འགན་འཁྱེར་མཁན་ཞིག་ཆགས་ཡོད། ཆེ་ས་ནས་བཤད་ན་འཛམ་གླིང་ནང་མི་དུང་ཕྱུར་བདུན་ཅུའི་སྐོར་བསམ་བློ་གཏོང་མཁན་ཞིག་ཆགས་ཡོད། སྐྱེ་ས་བཤད་པ་ཡིན་ན། ང་ཨ་མདོའི་ས་ཁུལ་སྐུ་འབུམ་མཚོ་སྔོན་ས་ཁུལ་རྗེ་རིན་པོ་ཆེ་འཁྲུངས་སའི་འཁྲིས་སུ་སྐྱེས་པ་རེད། ཨ་མདོ་ཚོས་༸རྒྱལ་བ་རིན་པོ་ཆེ་ཨ་མདོ་ཡིན་བསམས་པའི་འདུ་ཤེས་གསལ་པོ་བཟུང་ནས་དེ་རིང་མདོ་སྨད་པ་ཚོས་དམིགས་བསལ་དུས་ཆེན་མཛད་སྒོ་གོ་སྒྲིག་བྱས་འདུག གོང་དུ་ལས་བསྡོམས་ནང་བཤད་པ་ནང་བཞིན་དངོས་གནས་ཁྱེད་རང་ཚོས་ལོ་ཁ་ཤས་རིང་བསམ་བློ་བཏང་། འཆར་གཞི་བཀོད། ཞལ་འདེབས་ཡིན་ནའང་མང་ཐག་ཆོད་བྱུང་འདུག དེ་ཚོ་ཁྱེད་རང་ཚོས་ཚགས་ཚུད་ཐག་ཆོད་བྱས་འདུག་པར་ཐུགས་རྗེ་ཆེ། དེ་རིང་དུས་དྲན་འདིའི་ཐོག་ལ་ང་ཚོའི་ཆོས་བརྒྱུད་ཁག་གི་དབུ་ཁྲིད་ཚོ་དུས་གཅིག་ལ་ཚང་འཛོམས་གནང་སྟེ། ཐུགས་འཁུར་བཞེས་ནས་བཀའ་སློབ་གནང་བ་དེ་དངོས་གནས་ཚང་མ་གཅིག་གྱུར་གྱི་ནུས་པ་དེ་གསལ་པོ་མཚོན་ཐུབ་པ་ཧ་ཅང་ཡག་པོ་བྱུང་སོང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བཀའ་སློབ་སྩལ་བ་དང་ཆབས་ཅིག་གསར་འགོད་པ་ཚོར་བཀའ་སྩལ་དོན།
ཁྱེད་རང་ཚོ་གསར་འགྱུར་བརྒྱུད་ལམ་ཁག་དེ་ཚོ་ཧ་ཅང་གལ་ཆེན་པོ་རེད། ཁྱེད་རང་ཚོས་མིའི་སྤྱི་སེམས་གོང་སྤེལ་གཏོང་རྒྱུ་དང་། གཞན་ཕན་གྱི་བློ་སྐྱེ་རྒྱུ་ལྟ་བུའི་བཟང་པོའི་ཕྱོགས་དེ་དག་སྤེལ་རྒྱུའི་འགན་ཡོད། གསར་འགྱུར་བརྒྱུད་ལམ་ཁག་གཅིག་གིས་སྡུག་པ་ཤ་སྟག་བསྒྲུགས་ནས་བཤད་བཞིན་འདུག དེ་ཡང་བཤད་དགོས་ཀྱི་རེད། འཛམ་གླིང་འདིར་རྙོག་དྲ་དེ་ལྟ་བུ་ཞིག་ཡོད་པ་ངེས་པར་དུ་འཛམ་གླིང་མི་མང་གིས་ཤེས་དགོས་ཀྱི་རེད། འོན་ཀྱང་དེ་རྐྱང་རྐྱང་བཤད་བསྡད་ན་གང་ཙམ་ཞིག་ནས་མིའི་བསམ་བློའི་ནང་མིའི་རིགས་ཟེར་བ་དེ་ཧ་ཅང་སྡུག་ཆགས་རེད་འདུག་བསམ་པ་དྲན་མཁན་ཡང་ཡོང་གི་འདུག ངོས་ཀྱིས་མི་མང་པོ་ཞིག་དང་ཐུག་གི་ཡོད། མིའི་གཤིས་ཀ་ནི་བསད་གཏུབ་བྱེད་མཁན་དང་སྡུག་ཆགས་བྱེད་རྒྱུ་ལྷན་སྐྱེས་སུ་ཡོད་པ་ལ་ངོས་འཛིན་བྱེད་མཁན་ཡང་མཐོང་རྒྱུ་འདུག མ་འོངས་པར་འགྲོ་བ་མིའི་རིགས་འདི་གང་འདྲ་ཞིག་ཆགས་ཀྱི་རེད་ཅེས་འདྲི་མཁན་མང་པོ་ཡོང་གི་འདུག དེ་འདྲ་རྩ་བ་ནས་མ་རེད། ང་ཚོ་ཐོག་མར་རྒྱ་གར་ལ་བསླེབས་སྐབས་འཛམ་གླིང་འདིར་མི་འབོར་དུང་ཕྱུར་དྲུག་ཅུ་རེད། འདས་པའི་ལོ་ངོ་བཅུ་ཕྲག་བཞི་ལྔའི་རིང་མི་དུང་ཕྱུར་བདུན་ཅུ་ཆགས་ཡོད། མི་ལ་གསོད་བྱ་རྒྱུའི་རང་གཤིས་ཡོད་པ་ཞིག་ཡིན་ན་མི་མང་དྲགས་པའི་སེམས་ཁྲལ་བྱེད་དགོས་དོན་མེད། སྐྱེས་ཀྱིན་སྐྱེས་ཀྱིན་གསོད་ཀྱིན་གསོད་ཀྱིན་བྱས་ན་འགྲིག་འགྲོ་གི་མ་རེད་དམ། དེ་མ་རེད། དངོས་གནས་བྱམས་བརྩེའི་ཐོག་ནས་མིའི་འཕྲོད་བསྟེན་ལ་ལྟ་རྟོག་བྱེད་རྒྱུ་དང་། བྱམས་བརྩེའི་ཐོག་ནས་ཕྲུ་གུ་ཆུང་ཆུང་ཚོ་གསོ་སྐྱོང་བྱེད་རྒྱུ། རྒད་པོ་དང་རྒད་མོ་ཚོ་ཉིན་གཅིག་ཡིན་ནའང་ཚེ་རིང་དུ་གནས་ཆེད་འཕྲོད་བསྟེན་བྱེད་རྒྱུ་སོགས་ཚང་མ་བྱམས་བརྩེའི་བྱ་བ་ཤ་སྟག་རེད།
གང་ལྟར་འཛམ་གླིང་སྤྱི་ཡོངས་ཀྱི་མིའི་ལྷན་སྐྱེས་འདི་ཨ་མའི་བརྩེ་བས་གསོ་སྐྱོང་འོག་ནས་འཚར་ལོངས་བྱེད་རྒྱུ་འདི་ལྷན་སྐྱེས་ཀྱི་གནས་སྟངས་ཆགས་ཡོད། དེར་བརྟེན་མིའི་ལྷན་སྐྱེས་ཀྱི་རང་བཞིན་དེ་ཚན་རིག་པ་ཚོས་དངོས་སུ་བརྟག་དཔྱད་བྱེད་དུས་མིའི་ལྷན་སྐྱེས་འདི་བྱམས་བརྩེ་ལྡན་པ་རེད་འདུག་ཅེས་བཤད་ཀྱི་འདུག ང་རང་ཚོའི་སངས་རྒྱས་པའི་གཞུང་ནས་བཤད་ནའང་མིའི་རིགས་ལ་ཁམས་བདེ་གཤེགས་སྙིང་པོ་ཞེས་པ་དེ་ཚང་མའི་རྒྱུད་ལ་ཡོད། དེའི་རྟགས་ནི་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ། བྱམས་བརྩེའི་རིགས་ཁམས་དེ་ལྟ་བུ་ཞིག་ཡོད་པའི་རྟགས་ཡིན། རྒྱུད་བླ་མའི་འགྲེལ་པ་དེའི་ནང་ཡོད། དེ་བཞིན་འཇིག་རྟེན་བཀོད་པ་པོ་འདོད་མཁན་ཡིན་ནའང་ང་ཚོ་ཚང་མ་འཇིག་རྟེན་བཀོད་པ་པོས་བཀོད་པ་རེད། འཇིག་རྟེན་བཀོད་པ་པོ་བཀོད་མཁན་དེ་བརྩེ་བའི་བདག་ཉིད་རེད། དེར་བརྟེན་དེས་བཀོད་པ་དེ་དག་ལ་བྱམས་བརྩེའི་ནུས་པ་ཞིག་མཚོན་བཞིན་ཡོད། ཆོས་ལུགས་ཚང་མས་འདི་ལྟར་ཤོད་བཞིན་ཡོད། བྱས་ཙང་། ལྷན་སྐྱེས་ཀྱི་མིའི་རང་བཞིན་དེ་བཟང་པོ་རེད་འདུག གང་ནས་འཐུས་ཤོར་ཕྱིན་པ་རེད་ཅེས་བརྗོད་ན། འཛམ་གླིང་འདིའི་སྟེང་ཡོད་བཞིན་པའི་ཤེས་ཡོན་སློབ་སྦྱོང་སྤྲོད་སྟངས་འདི་ཕྱི་དངོས་པོ་ཡར་རྒྱས་ཁོ་ནར་དམིགས་པ་ཞིག་མ་གཏོགས། འདས་པའི་ལོ་ངོ་ཉིས་བརྒྱ་སྐོར་ཞིག་ལ་གཞི་ནས་དེང་དུས་ཀྱི་ཤེས་ཡོན་དེ་ནུབ་ཕྱོགས་ནས་འགོ་ཚུགས་པ་རེད།
དེང་དུས་ཀྱི་ཤེས་ཡོན་འགོ་འཛུགས་དང་ཚན་རིག་གི་ཡར་རྒྱས་གཉིས་པོ་མཉམ་དུ་འགོ་ཚུགས་འདུག ཚན་རིག་གི་ཐོག་ད་ལྟ་ད་ལྟ་མིའི་དཀའ་ངལ་སེལ་རྒྱུ་དང་བདེ་དོན་སྒྲུབ་རྒྱུ་ཡོད་སྟབས་ཚན་རིག་ལ་རང་བཞིན་གྱི་ཡིད་ཆེས་བསླེབས་ཀྱི་རེད། དེར་བརྟེན་ཤེས་ཡོན་དེ་དངོས་པོ་ཡར་རྒྱས་ཁོ་ནར་དམིགས་པ་ཞིག་རེད་འདུག དེའི་རྐྱེན་གྱིས་ད་ལྟ་ཡོད་པའི་རིག་གསར་གྱི་ཤེས་ཡོན་དེ་ཕྱི་དངོས་པོ་ཡར་རྒྱས་ཁོ་ནར་དམིགས་པ་ཞིག་ཡིན་སྟབས་དེས་ལྡང་གི་མེད། དེང་སྐབས་ཚན་རིག་པ་དང་ཤེས་ཡོན་ཅན་མང་པོས་འདིའི་ཐོག་བསམ་བློ་གཏོང་དགོས་ཀྱི་འདུག་ཅེས་བཤད་བཞིན་ཡོད། གང་ལྟར་ང་ཚོས་ཤེས་ཡོན་སྤྲོད་སྟངས་དེ་དངོས་པོ་ཡར་རྒྱས་ཁོ་ནར་དམིགས་པ་ཞིག་ཆགས་ཡོད། བྱིས་པ་གཞོན་ནུའི་སྐབས་སུ་མས་བརྩེ་བ་བྱས་པ་དང་བྱིས་པ་ནང་ཚགས་ཡིན་ནའང་ཇི་ཙམ་གྱིས་བརྩེ་བའི་འཛུམ་མདངས་ལ་བརྟེན་པ་ཡིན་ན། མི་རིགས་ཀྱི་སྐད་ཆ་དང་ཆོས་དད། དབུལ་ཕྱུག་སོགས་ཀྱི་སྐད་ཆ་མེད། རྩེད་མོ་མཉམ་དུ་རྩེས་ཀྱིན་གྲོགས་བྱས་ཏེ་སྡོད་ཀྱི་རེད། འདི་མིའི་ལྷན་སྐྱེས་ཀྱི་གནས་བབ་རེད། དེ་ནས་རིམ་པས་འཚར་ལོངས་བྱུང་སྐབས་དེང་དུས་ཀྱི་ཤེས་ཡོན་སྤྲོད་རྒྱུའི་ནང་བསླེབས་སྐབས་དངོས་པོ་ཡར་རྒྱས་རྐྱང་རྐྱང་གི་ཐོག་འགྲོ་རྒྱུ་ཞིག་ཡོང་གི་ཡོད། སྐབས་དེར་ལྷན་སྐྱེས་ཀྱི་བྱམས་བརྩེའི་ས་བོན་ཡོད་པ་དེ་རིམ་པས་བག་ལ་ཞ་པ་ལྟ་བུས་བསམ་བློའི་ནང་རེ་དོགས་མང་པོ་ཡོང་བ་དེ་ཤུགས་ཆེ་རུང་ཕྱིན་པར་བརྟེན་ང་ཚོར་དཀའ་ངལ་འཕྲད་བཞིན་ཡོད།
ང་ཚོ་འཛམ་གླིང་འདིའི་ནང་གི་མི་དུང་ཕྱུར་བདུན་ཅུའི་ཆ་ཤས་ཤིག་རེད། འདོད་རུང་མ་འདོོད་རུང་གང་ལྟར་ང་ཚོས་སྤྱི་སེམས་ཤིག་འཁྱེར་དགོས་ཀྱི་ཡོད། དེ་འཁྱེར་དགོས་དོན་ནི་ང་ཚོའི་མ་འོངས་པ་དེ་འཛམ་གླིང་ལ་བརྟེན་ཡོད། འཛམ་གླིང་བདེ་སྐྱིད་ལྡན་པ་ཞིག་བྱུང་ན་ང་ཚོ་ཚང་མར་ཕན་ཐོགས་ཡོད། འཛམ་གླིང་འདི་ད་ལྟ་བཞིན་ཕྲག་དོག་དང་འགྲན་སེམས། གཡོ་རྒྱུ་སོགས་གྱི་ཐོག་ནས་ཕྱིན་ན་ང་ཚོར་གྱོང་རག་གི་རེད་མ་གཏོགས་སྒེར་སོ་སོས་མགོ་འཐོན་རྒྱུ་མེད། ཡང་ཧི་མཱ་ལ་ཡའི་རི་རྒྱུད་ཕྱོགས་ལ་རྩམ་པ་རྩམ་ཁུག་གཅིག་འཁྱེར་ཏེ་ཕྱིན་ནས་སུ་གཅིག་དང་འབྲེལ་བ་མ་བྱས་ན་ཁུངས་འཁྱོལ་གྱི་མ་རེད། ང་ཚོ་མི་སྒེར་སོ་སོའི་འཚོ་བ་དེ་འཛམ་གླིང་ལ་བརྟེན་དགོས་ཀྱི་ཡོད། དེར་བརྟེན་ང་ཚོ་རྟེན་སའི་འཛམ་གླིང་འདི་སྤྱི་པའི་དོན་དུ་ཕྲན་བུ་སེམས་ཁུར་བླང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཆོས་ཕྱོགས་ཀྱི་ཐོག་ནས་བྱང་ཆུབ་ཀྱི་སེམས་དང་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་། ཕྱི་མ་དམྱལ་བ་སོགས་ཀྱི་སྐད་ཆ་བཤད་དགོས་ཀྱི་མེད། ཚེ་འདི་བདེ་སྐྱིད་ལྡན་པ་ཞིག་ཡོང་བ་བཟོ་རྒྱུ་ང་ཚོ་ཚང་མར་འགན་ཡོད། འདི་གཅིག་བརྗོད་འདོད་བྱུང་བཀྲ་ཤིས་བདེ་ལེགས། ཞེས་བཀའ་སྩལ། མཐར་མདོ་སྨད་དབུས་རྒྱུན་དྲུང་ཆེ་སྤྱི་འཐུས་རྒྱ་རིགས་ཐར་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་པ་དང་། ༧གོང་ས་མཆོག་དབུ་བཞུགས་ཀྱིས་མི་མང་མཉམ་ཉིན་གུང་གསོལ་ཚིགས་མཆོད་རྗེས་ཉིན་དེའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གྱ་སྟོན་མཛད་སྒོ་དགའ་སྤྲོའི་ངང་གྲོལ་བ་དང་། ཉིན་རྒྱབ་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ་ཆིབས་བསྒྱུར་བསྐྱངས་ཏེ་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་སྐྱེས་སྐར་དང་སྟབས་བསྟུན་ཁོང་གི་མི་ཚེའི་དངོས་བྱུང་ལོ་རྒྱུས་གློག་བརྙན་གཟིགས་འབུལ་ཞུས་པ་དང་། བཀའ་སློབ་སྩལ་རྗེས་ཕྱིར་ཕོ་བྲང་ཏུ་༧ཞབས་སོར་འཁོད་ཡོད་པ་རེད།