Tuesday, July 21, 2009

སྲིད་དབང་སྒེར་གཅོད་ཀྱི་ངོ་བོ་དངོས་མ་འཚོལ་བ།

ཀླུ་ཁྱུང་།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ་ཟེར་བའི་ཚགས་པར་དཔྱད་གཏམ་ལས་ཡེ་རྡོར་གྱི“ཏཱ་ལའི་རུ་ཚོགས་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་སྲིད་དབང་སྒེར་གཅོད་ཀྱི་ངོ་བོར་ལྟ་བ”་ཞེས་པའི་རྩོམ་ཡིག་གི་ལན་དུ།
སྐུ་ཞབས་ཡེ་རྡོར་ལགས་ཀྱི་རྩོམ་ཡིག་འདིའི་བརྗོད་བྱའི་སྙིང་དོན་གཙོ་བོ་ནི“ ནུབ་ཕྱོགས་དགྲ་ཡའི་ཕྱོགས་གཏོགས་ཁག་གཅིག་གིས་ཀྱང་ཏཱ་ལའི་རུ་ཚོགས་ཀྱི་ལུས་ཐོག་ཏུ་དམངས་གཙོའི་མཛེས་རྒྱན་སྤྲས་ཏེ་༡༩༥༩ ལོར་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་ལ་ངོ་རྒོལ་བྱ་ཆེད་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས་ནས་མེས་རྒྱལ་ལ་རྒྱབ་གཏོད་བྱེད་མཁན་ཡུལ་གྱར་རུ་ཚོགས་དེ་ནུབ་ཕྱོགས་ལྟར་གྱི་དམངས་གཙོ་ལག་ལེན་བསྟར་མཁན་མིག་དཔེ་ལྟ་བུར་བརྩི་བཞིན་ཡོད ”ཟེར་བ་དང༌། ལྷག་པར་དུ་རྩོམ་ཡིག་འདིའི་འགོ་བརྗོད་དམ་ཁ་བྱང་དུ“ ཆོས་སྲིད་ཟུང་འབྲེལ་སྲིད་དབང་སྒེར་གཅོད་ཀྱི་ངོ་བོར་ལྟ་བ ”ཞེས་བཀོད་འདུག

དེ་བཞིན་དུ་ྋགོང་ས་མཆོག་གིས་ལས་འཁྱུར་ངལ་གསོ་བྱས་ཡོད་མེད་དང“ ཆོས་སྲིད་ཟུང་འབྲེལ་གྱི་ངོ་བོར་འགྱུར་ལྡོག་གཏན་ནས་གཏོང་མྱོང་མེད ”ཟེར་བ་སོགས་ནི་ཆེས་ཧ་ཅང་གི་གལ་གནད་དུ་འཛིན་པའམ། ཡང་ན་དེ་དག་ནི་མིའི་སྤྱི་ཚོགས་སུ་ཤིན་ཏུ་མི་འཚམས་པའི་འཇིགས་རུང་གི་རྣམ་པ་ཞིག་དང། ཚད་མཐོན་པོའི་ཉེས་ཅན་གྱི་བྱ་སྤྱོད་ཅིག་ལ་ངོས་འཛིན་ཅི་ཐུབ་བྱས་ཡོད།
དེ་བས་ཡེ་རྡོར་གྱི་ཆེད་རྩོམ་ནང་གི་གནད་ཚིག་དེ་ཚོ་ཡང་བསྐྱར་མདོར་བསྡུས་སུ་བཏང་ནས་ཚིག་དོན་རྣམས་ཕྱིར་མངོན་པར་བྱས་ན། “ ཆོས་སྲིད་ཟུང་འབྲེལ ” “ སྲིད་དབང་སྒེར་འཛིན ” “ དམངས་གཙོའམ་ནུབ་ཕྱོགས་དགྲར་གཏོགས་དམངས་གཙོ ” “ ཡུལ་གྱར་རུ་ཚོགས་སམ་ཏཱ་ལའི་རུ་ཚོགས ”ཟེར་བ་སོགས་ཡིན།
འདིར་བརྗོད་པར་འདོད་པ་ནི་བདག་གིས་བློ་མཐུན་ཡེ་རྡོར་ལགས་ཀྱིས་ནག་ཉེས་ཀྱི་གཉའ་ཤིང་བསྐོན་ཟིན་པའི་ཐ་སྙད་འདི་ཚོའི་ཁྲིམས་རྩོད་པ་ལྟ་བུ་བྱས་ཏེ། དམར་ཕྱོགས་རིང་ལུགས་ཀྱི་ཚད་བརྒལ་མནར་གཅོད་དང་དྲག་གནོད་གྱི་བཙོན་ར་ལས་ཕྱིར་ལེན་རྒྱུ་མ་ཟད། ཡེ་རྡོར་ལགས་ཀྱིས་ཀྲུང་གོའི་ཏང་ལ་བསྐོན་པའི་གཉའ་ཤིང་དེ་རང་སོར་འཇོག་རྒྱུ་དེ་ཁོ་ན་ཡིན།
སྤྱིར“ ཆོས་སྲིད་ཟུང་འབྲེལ ”ཟེར་བ་ནི་དེ་འདྲའི་ཧ་ལས་ཤིང་ཧོན་འཐོར་དགོས་པའི་གནད་དོན་ཞིག་མ་ཡིན་པར། དེ་ནི་གཞུང་ལུགས་ཤིག་དང་ལྟ་གྲུབ་ཅིག་གི་འདོད་དོན་གཙོ་བོར་བཟུང་བའི་རྒྱལ་ཁབ་གང་ཞིག་གི་ཆབ་སྲིད་ཀྱི་ལངས་ཕྱོགས་རིགས་ཤིག་ཡིན་ལ། གོ་ལ་རིལ་བོ་འདིའི་ཐོག་གི་གཞུང་ཕལ་མོ་ཆེས་དེང་གི་དུས་སུའང་རིགས་མི་འདྲ་བའི་གནའ་བོའི་རིག་གཞུང་དག་ལ་གཞི་བཅོལ་ཏེ་སོ་སོའི་མི་རིགས་དང་རྒྱལ་ཁབ་བསྐྱངས་དང་སྐྱོང་བཞིན་ཡོད།
དེ་བས་བོད་མི་རིགས་འདི་ཡང་དེ་དག་ལས་མ་འདས་པར་སྤྱི་ལོའི་དུས་རབས་བདུན་པའི་དུས་འགོར་བོད་རྒྱལ་སྲོང་བཙན་སྒམ་པོས “ནང་པའི་ཆོས་ཟེར་བའི་རིག་གཞུང་འདི་རྒྱ་ནག་ནང་བཞིན་བོད་དུའང་རྒྱལ་ཁྲིམས་རང་བཞིན་གྱིས་ངོས་ལེན་ཡོད་པའི་རིགས ”པའི་གཞུང་ལུགས་ཤིག་ཏུ་སྒྱུར་འགོ་ཚུགས་པ་ཞིག་རེད།
འོན་ཀྱང་དེ་ནི་ཁྱེད་ཀྱི་འདོད་ཚུལ་བཞིན་མི་མངོན་པའི་“ ལྷ ”དང“ འདྲེ ”ཟེར་བ་ལ་སོགས་པའི་རང་མཚན་བྱེ་བྲག་པ་ཞིག་སྟེ། དཔེར་ན། རྒྱའི་རིག་བྱེད་རང་བཞིན་གྱི་གཏམ་རྒྱུད་འཇིག་རྟེན་བཀོད་པ་པོ་ལྷ་མོ་ཉིས་ཝུ་ཡི་འཇིམ་བཟོས་མི་གཟུགས་ཡཱ་ཏང་ལྟ་བུའི་རྟོགས་བཟོ་ཙམ་མ་ཡིན་པར། འཇིག་རྟེན་མིའི་སྤྱི་ཚོགས་སུ་དངོས་སུ་འཚོ་བཞུགས་བྱེད་མྱོང་བའི་སྐྱེས་བུ་ཞིག་སྟེ།
སྤྱི་ལོའི་སྔོན་གྱི་ལོ་ཉིས་སྟོང་ཙམ་གྱི་སྔོན་རོལ་ཏུ་ཕ་ས་ཕ་ཡུལ་རྒྱ་གར་དུ་བྱས་པའི་དུས་རབས་དེའི་མིའི་རིགས་ཀྱི་གཙོ་འཛིན་ཆེ་གྲས་ཤིག་སྟེ། བཅོམ་ལྡན་འདས་ཐུབ་པའི་དབང་པོ་ཤཱཀྱ་ཐུབ་པའི་ལྟ་གྲུབ་མཚོན་པའི་གཞུང་ལུགས་དེ་ཉིད་ཀྱི་མིང་ཡིན།
སྤྱིར“ ཆོས ”ཞེས་པ་ནི་ཤེས་བྱའམ་དངོས་པོའི་དོན་ཡིན་པ་དང་གནའ་བོའི་རྒྱ་གར་རང་སྐད་དུའང“ ངྷརྨ ”ཟེར་བ་ནི་ཡོངས་གྲགས་སུ་ལུགས་དང་གསུང་རབ། ཤེས་བྱ་བཅས་གསུམ་ལ་འཇུག་པ་གཙོ་ཆེར་བསྟན་ཡོད་པས“ ཆོས ”ཟེར་བ་ནི་ཤེས་བྱའམ་རིགས་པའི་གཞུང་ལུགས་ཤིག་ཡིན་པར་མ་ཟད། དེ་ནི་ཕྱི་རོལ་ཡུལ་གྱི་བྱ་དངོས་དག་ལ་ཉམས་མྱོང་དང་ལག་ལེན་བྱས་པའི་བརྒྱུད་རིམ་ཁྲོད་ནས་ངོས་འཛིན་བྱས་པའི་མཐའ་སྡོམ་རང་བཞིན་གྱི་རིང་ལུགས་ཤིག་ཀྱང་རེད།
དེ་བས“ ཆོས་ལུགས ”དང“ དངོས་ལུགས ”ཟེར་བ། ཡང་ན“ ཆོས་ཉིད་དང་དངོས་པོའི་རང་བཞིན ”ཟེར་བ་སོགས་ཀྱི་གོ་དོན་ཡང་གཅིག་མཚུངས་ཡིན། དཔེར་ན། ཉིད་ཀྱིས་སྐྱབས་དང་མགོན་དུ་བཀུར་བའི“ མར་ཁེ་སུ་ལེ་ཉིན་རིང་ལུགས ”ཟེར་བ་ལྟ་བུ་དང་རང་བཞིན་གཅིག་པ་ཞིག་ལ་གོ་བ་བླངས་ཆོག་པ་ཞིག་རེད།
འདི་ལྟ་བུའི་གཞུང་ལུགས་སམ་ལྟ་གྲུབ་དག་གིས་མི་སྒེར་དང༌། རྒྱལ་ཁབ། མི་རིགས། ཡང་ན་འཇིག་རྟེན་སྤྱི་ཡོངས་ཀྱི་ཞི་བདེ་དང་ཁེ་ཕན་ཁོ་ནའི་ཕྱོགས་སུ་ལམ་སྟོན་བྱེད་མཁན་དང༌། དེ་ལས་ལྡོག་སྟེ་གཏོར་བཤིག་གཏོང་མཁན་ཡང་འདྲ་མིན་ཞིག་ཡོད། དེ་དག་གི་ནང་ནས་མིའི་རིགས་ཐུན་མོང་ལ་ཕན་ཞིང༌། མི་མང་གིས་ཡིད་ཆེས་དང་གོང་བཀུར་ཐོབ་པའི་རིགས་པའི་གཞུང་ལུགས་རྣམས་ནི་སྔོན་བྱོན་མི་རབས་ཚོས་རང་བྱུང་ཁམས་སུ་འཐབ་རྩོད་བྱས་པའི་མྱོང་ཚོར་རང་བཞིན་གྱི་སྡོམ་ཚིག་དང༌། འབྱུང་འགྱུར་གྱི་ང་ཚོ་མིའི་སྤྱི་ཚོགས་འདི་ཡི་འཕེལ་རྒྱས་ཐད་ལ་མེད་དུ་མི་རུང་བའི་ལག་ཆ་ལྟ་བུར་འང་བརྩིས་ཆོག
དེ་བཞིན་དུ་དེང་གི་རྒྱ་ནག་གུང་ཁྲན་ཏང་གིས་དབུ་ཁྲིད་པའི“ ཏང་སྲིད་ཟུང་འབྲེལ ”དང་བོད་ཀྱི“ ཆོས་སྲིད་ཟུང་འབྲེལ ” ཟེར་བར་ཡང་རྣམ་པ་མི་འདྲ་བའི་ཁྱད་པར་ཅི་ཡང་མེད་དོ།།
དཔེར་ན། ཁྱེད་ཀྱིས་བརྗོད་དོན་བཞིན“ ཏཱ་ལའི་རུ་ཚོགས་ཀྱི་ཆོས་སྲིད་ཟུང་འབྲེལ་སྲིད་དབང་སྒེར་འཛིན་ལམ་ལུགས ”ཟེར་བ་འདི་ནི་བོད་གཞུང་མང་གཉིས་ཀྱིས་ངོས་ལེན་དང་གོང་བཀུར་ཐོབ་པའི་སྲིད་དོན་ལམ་ལུགས་ཤིག་ཡིན་ལ། དེ་ནི་དེང་སྐབས་ཀྱི་རྒྱ་ནག་རྒྱལ་ཁབ་བདག་ཏུ་འཛིན་པའི“ ཀྲུང་གོའི་གུང་ཁྲན་ཏང་སྲིད་དབང་སྒེར་འཛིན་གྱི་ལམ་ལུགས ”ཟེར་བའི་སྲིད་ཇུས་ལྟར་སྣང་མ་འདི་དང་བསྡུར་ན་ཡར་རྒྱས་ཀྱི་དབྱེ་བ་ཆེ་ཆེར་ཕྱིན་ཡོད་པར་མ་ཟད‘‘ཆོས་སྲིད་ཟུང་འབྲེལ’’གྱི་ནང་དུ‘‘སྲིད་དབང་སྒེར་འཛིེན’’ཞེས་པའི་ཐ་སྙད་དེ་དུས་དང་རྣམ་པ་ཀུན་ཏུ་བོད་གཞུང་མང་སུ་ཞིག་གི་ངོས་ནས་ཀྱང་བེད་སྤྱོད་བྱས་མྱོང་མེད།
སྤྱིར་བཏང་ཡ་ཐོག་སྤྱི་ཚོགས་ནས་དེང་གི་བར་དུ་མིའི་རིགས་ཀྱི་སྤྱི་ཚོགས་སུ་རྣམ་པ་མི་འདྲ་བའི་སྲིད་ལུགས་ལ་དབྱེ་བ་ཆེན་པོ་གཉིས་སུ་ཕྱེས་ཏེ་བགར་ཆོག་པར་སྙམ། དེ་ནི་ཡ་ཐོག་སྤྱི་ཚོགས་ནས་རིམ་བཞིན་རུས་རྒྱུད་སྲིད་དབང་དང༌། དེ་ནས་ཚོགས་སྡེ་སྲིད་དབང་དུ་རིམ་བརྒྱུད་བྱས་ཡོད།
བོད་དུའང“ ས་སྐྱའི་སྲིད་དབང ”ནས་ཚོགས་སྡེ་སྲིད་དབང་གི་ལམ་ལུགས་ཐོག་སྐྱོད་འགོ་ཚུགས་ཏེ། རིམ་བཞིན“ ཕག་གྲུ་སྲིད་དབང ”དང༌། “ གཙང་བ་སྲིད་དབང ”། “ དགའ་ལྡན་ཕོ་བྲང་སྲིད་དབང ”ཟེར་བ་སོགས་ནི་སྲིད་སྐྱོང་ལམ་ལུགས་ཐད་ཀྱི་ཚོགས་སྡེ་ཁག་གི་ལྟ་གྲུབ་བམ་འདོད་ཚུལ་མི་འདྲ་བའི་ལྟ་གྲུབ་ཀྱི་རིང་ལུགས་ཤིག་གི་མིང་ཡིན་ལ། ལྷག་པར་དུ་དགའ་ལྡན་ཕོ་བྲང་སྲིད་དབང་གི་དུས་མཇུག་སྟེ་ལོ་རབས་དྲུག་ཅུ་བ་ནས་བཟུང་སྲིད་སྐྱོང་ལམ་ལུགས་ཐད་ཀྱི་ཚོགས་སྡེ་སྲིད་དབང་དེ་ལའང་འགྱུར་བ་བཏང་ནས། ཡང་དག་པའི་མང་གཙོའི་ལམ་ལུགས་ཐོག་ཤར་བསྐྱོད་བྱས་ཡོད།
དེ་བས་བོད་ཙམ་མ་ཟད་འཛམ་གླིང་རང་བཞིན་གྱི་རྒྱལ་ཁབ་གང་ཞིག་ལ་མཚོན་ནའང་རུས་རྒྱུད་སྲིད་དབང་ནས་ཚོགས་སྡེ་སྲིད་དབང་གི་ངོ་བོའི་ཐོག་བརྒྱུད་ཡོད་པ་ཞིག་རེད། འདིར“ རུས་རྒྱུད་སྲིད་དབང ”ཟེར་བ་ནི་རྒྱལ་ཁབ་གང་དེའི་མི་མང་དང་ཡང་ན། ཚོགས་ཁག་དག་གི་དགོས་ངེས་ཀྱི་འདོད་བློ་གང་ཡོད་ལ་མ་བལྟས་པར་ཕ་ཤུལ་བུས་འཛིན་པའི་ལམ་ལུགས་ཏེ། རྒྱལ་པོའི་རྒྱལ་ཁབ་རིགས་ལ་གོ་ཞིང༌། “ ཚོགས་སྡེ་སྲིད་དབང ”ནི་འཇིག་རྟེན་ལྟ་ཚུལ་དང་མི་ཚེ་ལྟ་ཚུལ་གྱི་རིང་ལུགས་མི་འདྲ་བ་རེ་ལ་ཚོགས་ཁག་རེ་གྲུབ་ཅིང༌། ལྟ་གྲུབ་དེ་རིགས་ཀྱིས་འདོད་ཚུལ་ཤུགས་ཆེར་འཛིན་པའི་སྲིད་དབང་ལ“ ཚོགས་སྡེ་སྲིད་དབང ”ངམ། “ རིང་ལུགས་སྲིད་དབང ” ཡང་ན་“ ཏང་ཁག་སྲིད་དབང ”དུ་བོས་ཆོག
དཔེར་ན། ཉེ་རབས་ལོ་རྒྱུས་ནང་གི་རྒྱ་ནག་ལ་མཚོན་ནས་བཤད་ནའང“ གོ་མེན་ཏང ”དང༌། “ གུང་ཁྲན་ཏང ”ཟེར་བའི་གནས་ལུགས་དང་གཅིག་མཚུངས་རེད།
དེ་བཞིན་དུ་ཡེ་རྡོར་གྱིས“ ཆོས་སྲིད་ཟུང་འབྲེལ་སྲིད་དབང་སྒེར་འཛིན ”ཟེར་བའི་ཐ་སྙད་རྫུན་མ་ཞིག་བཀོལ་དེ་དགག་ཚིག་བྲིས་ཡོད་པ་དེ་དང༌། གུང་ཁྲན་ཏང་གི“ དབང་ཆ་གཅིག་སྡུད་སྲིད་དབང་སྒེར་འཛིན ”ནམ“ འབྱོར་མེད་གྲལ་རིམ་སྲིད་དབང་སྒེར་འཛིན ”ཟེར་བ་གཉིས་བསྡུར་གཤིབ་ཅིག་བྱས་ནས་དེ་གཉིས་ཀྱི་གོ་དོན་རྣམས་རེ་རེ་བཞིན་རགས་ཙམ་བརྗོད་པར་བྱས་ན།
དང་པོ་དེ“ གུང་ཁྲན་ཏང ”ཟེར་བ་ནི་ནུབ་ཕྱོགས་ཡུལ་གྲུ་ཕལ་མོ་ཆེར་དར་ཆེ་བའི་དབྱིན་ཇིའི་སྐད་དུ་communist party ཟེར་བ་དང༌། བོད་སྐད་དུ་བརྡ་ཆད་དེ་རྒྱ་སྐད་སྒྲ་སྒྱུར་བྱས་ནས་གུང་ཁྲན་ཏང་ཟེར།
སྤྱིར“ གུང་ཁྲན་ཏང ”ཟེར་བ་ནི་བོད་སྐད་དུ་དོན་སྒྱུར་བྱས་ན་ཐུན་མོང་ཚོགས་པའམ་ཐུན་མོང་ལོངས་སྤྱོད་ཚོགས་པ་ཞེས་སུ་བཏགས་ནའང་མི་འགྲིག་པ་མེད་ལ། དེ་ནི་མར་ཁེ་སི་དང་ཨེན་ཀེ་སི་གཉིས་ཀྱིས་ཕྱི་ལོ་༡༨༤༨ལོའི་མཚམས་སུ་གསར་དུ་བསྐྲུན་ཞིང་ཕྱིས་སུ་ལེ་ཉིན་གྱིས་ཁ་སྣོན་དང་བཟོ་བཅོས་བྱས་ཏེ་སྲིད་དབང་སྒེར་འཛིན་བྱེད་པའི་ལག་ཆ་ཞིག་ཏུ་བསྒྱུར་ནས་ཨུ་རུ་སུའི་དཔལ་འབྱོར་བདག་དབང་བཅོས་བསྒྱུར་དང༌། གྲལ་རིམ་འཐབ་རྩོད། “ འབྱོར་མེད་གྲལ་རིམ་གྱི་སྲིད་དབང་སྒེར་འཛིན་ལམ་ལུགས”སོགས་བཙུགས་ཏེ་སྲིད་དོན་རང་བཞིན་གྱི་ལྟ་གྲུབ་ཤིག་ཏུ་གྱུར།
རྒྱ་ནག་ཏུའང་ཕྱི་ལོ་༡༩༢༠ལོར་སུའུ་ལན་རྒྱལ་ཁབ་ཀྱི་ཤུགས་ཆེའི་རོགས་འདེགས་འོག“ ཧྲང་ཧེ་གུང་ཁྲན་རིང་ལུགས་ཚོགས་ཆུང”ཞེས་པ་བཙུགས་ནས་རིམ་བཞིན་སྤྱི་ལོ་༡༩༤༩ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དངོས་སུ་ཚུགས་པ་ནས་བཟུང“ སྲིད་ཏང་ཟུང་འབྲེལ ”གྱི་ལམ་ལུགས་འདི་རྒྱ་ནག་རྒྱལ་ཁབ་ཀྱི་སྲིད་དབང་སྒེར་འཛིན་བྱེད་པའི་བདག་པོ་ཁོ་ན་ཞིག་ཏུ་གྱུར།
སྐུ་ཞབས་ཡེ་རྡོར་ལྟར་ནའང“ སྲིད་དབང་སྒེར་འཛིན ”ཟེར་བ་ནི་དུག་དང༌། དགྲ། ཡང་ན་དུས་རབས་ཉེར་གཅིག་པའི་མིའི་སྤྱི་ཚོགས་སུ་རྒྱལ་ཁབ་དང་མི་མང་སྐྱོང་བའི་བཀག་རྡོ་ལྟ་བུ་དང༌། མདོར་ན་དེ་ལྟ་བུའི་ལམ་ལུགས་ནི་ནོར་འཁྲུལ་གྱི་བྱས་ཉེས་ཆེན་པོ་ཞིག་ལ་ངོས་འཛིན་ཡང་དག་བྱས་འདུག རེད་དེ་གུང་ཁྲན་ཏང་ཟེར་བ་འདི་ངེས་པ་དོན་གྱི“ སྲིད་དབང་སྒེར་འཛིན ”གྱི་ལམ་ལུགས་ཤིག་རེད།
དེ་ལ“ གུང་ཁྲན་ཏང ”ཟེར་བ་ནི“ འབྱོར་མེད་གྲལ་རིམ་གྱི་སྲིད་ཏང་ཞིག་དང༌། འབྱོར་མེད་གྲལ་རིམ་གྱི་གདོང་ལེན་རུ་ཁག་ཅིག འབྱོར་མེད་གྲལ་རིམ་གྱི་གྲལ་རིམ་རྩ་འཛུགས་ཀྱི་རྣམ་པ་མཐོ་ཤོས་ཤིག་ཡིན ”ཟེར་བ་དང༌། “ ཏང་དེའི་མཛུབ་སྟོན་བསམ་བློ་ནི་མར་ཁེ་སི་ལེ་ཉིན་རིང་ལུགས་ཡིན། དེས་གསར་བརྗེ་འཐབ་རྩོད་ལ་བརྟེན་ནས་སྲིད་དབང་སྒེར་འཛིན་བྱེད་པ་ཞིག་ཡིན ”ཞེས་དེང་སྐབས་ཀྱི་རྒྱ་ནག་རྒྱལ་ཁབ་འདི་སྲིད་དབང་སྒེར་འཛིན་གྱི་གཞུང་ཞིག་གིས་ཁ་ལོ་བསྒྱུར་བཞིན་ཡོད་པ་ཁྲིམས་ལུགས་རང་བཞིན་དུ་བཀོད་ནས་ཁ་མཚོན་གསལ་བོ་བཅད་ཡོད་མ་ཟད།
ད་ལྟའི་བར་དུ“ ཀྲུང་གོའི་མི་དམངས་དམངས་གཙོ་སྲིད་དབང་སྒེར་འཛིན་ལམ་ལུགས ”ཟེར་བའི་རྩ་ཚིག་དེར་ཡིག་འབྲུ་གཅིག་གིས་ཀྱང་མང་ཉུང་དང་སྲེ་ལྷད་ཅི་ཡང་མ་ཤོར་བར་ལོ་རབས་ལྔ་བཅུ་བ་ནས་ཆེ་ཆེར་དར་འགོ་ཚུགས་ཏེ་དེང་སྐབས་ཀྱི་ཀྲུང་གོའི་ཁྱབ་ཁོངས་ཡོངས་ཀྱི་ཚགས་པར་དང༌། དུས་དེབ། བརྙན་འཕྲིན་དང༌། རླུང་འཕྲིན། ཐ་ན་རྩིག་ངོས་ཡན་ཆད་ཁེངས་པའི་ས་ཁྱབ་རྡོ་ཁྱབ་ཏུ་སོང་བའི་དྲིལ་བསྒྲགས་ཡིག་ཆེན་དེ་དག་ཀྲུང་གོའི་མི་གྲངས་དུང་ཕྱུར་བཅུ་གསུམ་ལྷག་གི་མིག་ལམ་དུ་ཟས་རྒྱགས་སྣ་ཡི་ཤ་དྲི་བཞིན་སྐྱུག་མེར་ལངས་པའི་ཚོད་དུ་ཡོད་ཀྱང༌།
ཡ་མཚན་པ་ཞིག་ལ་རང་ཤ་བཅད་ནས་ཁྱི་ཁར་འཕེན་པའི་རྒྱལ་གཅེས་པ་སྐུ་ཞབས་ཡེ་རྡོར་ལགས་ཀྱིས་ཞ་རའི་བརྟུལ་ཞུགས་བཟུང་ནས་“ཀྲུང་གོའི་མི་དམངས་དམངས་གཙོ་སྲིད་དབང་སྒེར་འཛིན ”ཟེར་བའི་ཁྲིམས་གཞི་དེ་མི་མངོན་པར་གྱུར་པ་དང༌། བོད་སྡེ་བ་གཞུང་གྀ“ ཆོས་སྲིད་ཟུངའབྲེལ ”ཟེར་བར“ སྲིད་དབང་སྒེར་འཛིན ”ཞེས་པའི་ཐ་སྙད་འཕར་མ་ཞིག་ཇི་ལྟར་མཐོང་སོང༌། ཉིད་ཀྱིས་རྫུན་གཏམ་བརྒྱ་བཤད་ན་ཐ་མ་བདེན་པ་རུ་འགྱུར་པའི་སྡོམ་ཚིག་དེ་དང་ལེན་བྱེད་འདོད་པ་ཡིན་ནམ།
ལོ་རབས་ལྔ་བཅུ་བར་བློ་མཐུན་མའོ་ཙེ་ཏུང་གིས་“ ཀྲུང་གོའི ”མི་དམངས་རྣམས་ནི་དབུལ་ཕོངས་དང་ཤེས་རིག་མེད་པའི་བླུན་རྨོངས་སུ་མཐོང་ཡོད་ལ། དེ་ནི་“ ཀྲུང་གོའི ”སྲིད་དབང་སྒེར་འཛིན་སྲ་བརྟན་དང་འཕེལ་རྒྱས་ཀྱི་ཆ་རྐྱེན་ཡག་ཤོས་ཤིག་ཏུ་བརྩིས་ཡོད། དཔེར་ཤོག་བུ་དཀར་གཙང་ཞིག་ཏུ་བཞག་སྟེ་དེའི་ཐོག“ གུང་ཁྲན་ཏང ”གིས་འདོད་བློ་བཞིན་ཅི་ཡང་འབྲི་ཆོག་པའི་སྤོབས་པ་རྙེད་ཡོད། འོན་ཀྱང་དུས་རབས་ཉེར་གཅིག་པའི་མིའི་སྤྱི་ཚོགས་སུ་ད་དུང་ཡང་འདི་ལྟ་བུའི་བྱེད་ཐབས་བཀོལ་ས་ཡོད་དམ། ཀྲུང་གོའི་མི་གྲངས་དུང་ཕྱུར་བཅུ་གསུམ་ལྷག་ད་དུང་ཡང་མུན་ནག་གི་ཞིང་ཁམས་ན་གཉིད་དུ་ཡུར་ཡོད་དམ། ཀྲུང་གོའི་མི་མང་རྣམས་ལ་ཡར་རྒྱས་དང༌། རང་དབང༌། ཞི་བདེ་ཞིག་ཇི་སྲིད་བར་མི་སྤྲོད་པ་ཡིན་ནམ་མི་མཁོ་བ་ཡིན། རྫུན་གྱི་ཐོག་ལ་རྫུན་གྱི་ལྷན་པ་བརྒྱབ་པའི་ཉིད་ཀྱི་དཔྱད་བརྗོད་འདི་འདྲ་ནི་གན་རྐྱལ་དུ་ལོག་ནས་གཅིན་བཏང་བ་རང་རེད།
དེ་བཞིན་དུ“ ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ ”ནི“ བཟོ་བའི་གྲལ་རིམ་གྱི་འགོ་ཁྲིད་འོག་བཟོ་ཞིང་མནའ་འབྲེལ་གྱི་རྨང་གཞི་བྱས་པའི་མི་མང་དམངས་གཙོ་སྲིད་དབང་སྒེར་འཛིན་གྱི་རྒྱལ་ཁབ་ཅིག་ཡིན ”ཟེར་བ་དང༌། ད་དུང“ སྲིད་དབང་སྒེར་འཛིན་དབང་ཆ་གཅིག་སྡུད་ཀྱི་འགོ་ཁྲིད་འོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཆེན་སྟེང་འགྲོ་དགོས་པ། ལམ་དེ་ནི་དམངས་གཙོ་ཡིན་ཡང་བསམ་བློའི་གཞི་འཛིན་ས་གཅིག་སྡུད་ཡིན་དགོས། སྤྱི་ཚོགས་རིང་ལུགས་ནི་སྲིད་དབང་སྒེར་འཛིན་དབང་ཆ་གཅིག་སྡུད་ཀྱི་ངོ་བོ་ཡིན ”ཟེར་བ་སོགས་རི་བོའི་གཏོས་ལ་མཉམ་པའི་རྒྱ་ནག་དམར་གཞུང་གི་ཁྲིམས་བཀོད་ཡིག་ཆེན་དེ་ཚོ་ཡེ་ཤེས་རྡོ་རྗེ་ཡི་ལག་པ་ཆུང་ཆུང་གཉིས་ཀྱིས་ཇི་ལྟར་འགེབས་རྒྱུ་ཡིན། འདི་ནི་ཁ་ནང་ལ་ཁུ་ཚུར་བརྫངས་པའི་དཔེ་ཁོ་ན་རེད། དཀར་ནག་གོ་ལྡོག་རེད། འཇིག་རྟེན་ཆོས་ཉིད་དང་ཐལ་དྲགས་པོའི་རྫུན་གཏམ་ཞིག་རེད།
གུང་ཁྲན་ཏང་ནི་སྲིད་དབང་སྒེར་འཛིན་ལམ་ལུགས་རྒྱུན་འཁྱོངས་བྱེད་མཁན་ཞིག་ཡིན་པར་མ་ཟད། སྲིད་དབང་སྒེར་འཛིན་ཁྱིམ་རྒྱུད་རིང་ལུགས་པ་ཞིག་ཀྱང་ཡིན་མོད། རང་སྐྱོན་རི་འདྲ་བཞག་སྟེ་གཞན་སྐྱོན་ཏིལ་ཙམ་ལ་མཛུབ་མོ་འཛུགས་པའི་ཡེ་རྡོར་ལགས་ཀྱིས་རང་གི་གློ་སྙིང་བྲང་གསུམ་གཏོད་སའི་སྲིད་དབང་དེ“ སྒེར་འཛིན་རིང་ལུགས་པ ”ཞིག་མིན་པ་དང༌། འབྱོར་མེད་གྲལ་རིམ་རྣམས་ཡར་ལངས་བྱེད་ས་ཞིག་ཡིན་པ། ལྷག་པར་དུ་གུང་ཁྲན་ཏང་གི་དབུ་ཁྲིད་སུ་ཞིག་འབྱོར་མེད་སྤྲང་བོའི་རྣམ་ཐར་སྐྱོང་མཁན་ཞིག་དང་མི་མང་དམངས་ཚོགས་རྣམས་འབྱོར་ལྡན་ཀླུ་དབང་གི་དཔལ་ལ་འགྲན་པ་ཞིག་ཡིན་པའི་ངེས་ཤེས་ཤིག་ཇི་ལྟར་རྙེད་པ་ཡིན།
ཡང་ཡེ་རྡོར་གྱིས“ ཏཱ་ལའི་བླ་མ་ནི་ས་ཁོངས་ཕྱི་ནང་གི་བོད་མི་དམངས་ཀྱི་ཆོས་སྲིད་ཀྱི་གཙོ་འཛིན་མཐོ་ཤོས་དེ་ཡིན་པའི་ངོས་འཛིན་མགྲིན་གཅིག་ཏུ་བྱས་པ ” ཞེས་དང“ བོད་མི་ཡོངས་ཀྱིས་ཏཱ་ལའི་བླ་མས་དུས་གང་ཞིག་ཏུ་གཏན་འབེབས་གང་ཞིག་བྱས་པར་བརྩི་བཀུར་དང་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན” “ དམིགས་བསལ་ཚོགས་ཆེན་ཐོག་ཏཱ་ལའི་བླ་མས་ལས་འཁྱུར་རམ་ཡང་ན། ཕྱེད་ལས་འཁྱུར་མི་བྱེད་པར་མུ་མཐུད་བོད་མི་དམངས་ལ་འགོ་ཁྲིད་བྱེད་རྒྱུའི་རེ་འབོད་དྲག་པོ་བཏོན་པ ”ཞེས་པའི་ཚིག་སོགས་བཀོད་དེ“ བྱེད་སྟངས་འདིས་ཐོག་ནས་ཏཱ་ལའི་རུ་ཚོགས་ཀྱིས་ཆོས་སྲིད་ཟུང་འབྲེལ་གྱི་སྲིད་དབང་སྒེར་སྤྱོད་ཀྱི་ངོ་བོར་འགྱུར་ལྡོག་གཏན་ནས་གཏོང་མྱོང་མེད་པ་ཤེས་ཐུབ ”ཟེར།
གོང་དུ་དམིགས་བཀར་གྱིས་འདྲེན་བཀོད་བྱས་ཡོད་པའི་སྐད་ཆ་དེ་དག་ནི་མི་མང་མང་ཚོགས་རྣམས་ཀྱིས་སོ་སོའི་འདོད་བློ་དང་དགོས་མཁོར་འཚམས་པའི་རེ་བ་ཕྱིར་བསྒྲགས་བྱས་པ་ཉག་གཅིག་ཡིན་པར་མ་ཟད། ཡང་དག་པའི་མང་གཙོའི་སྲིད་དབང་ཞིག་གི་འགྲོ་སྟངས་ཁོ་ན་ལས་སྐྱོན་དང་ནོར་འཁྲུལ་གྱི་ཆ་ཅི་ཡང་མཐོང་མི་ཐུབ།
སྤྱིར“ དམངས་གཙོའམ་མང་གཙོ ”ཞེས་པ་ནི་མི་མང་ལ་ཆབ་སྲིད་ཀྱི་ཐོག་རང་དབང་གི་སྒོ་ནས་སྐད་ཆ་བཤད་པའི་དབང་ཆ་ཡོད་པ་དང༌། མང་ཚོགས་དཀྱུས་མ་དང་འགོ་ཁྲིད་ཕན་ཚུན་བར་གྱི་ཆབ་སྲིད་ཁེ་དབང་འདྲ་མཉམ་ཡིན་པ། སོ་སོའི་རྒྱལ་ཁབ་ཀྱི་སྲིད་དབང་བདག་གཉེར་བྱེད་རྒྱུ་སོགས་ལ་མཉམ་ཞུགས་ཆོག་པའི་དབང་ཆ་ཡོད་པ། རིམ་པ་སོ་སོའི་སྲིད་སྐྱོང་འགན་འཛིན་རྣམས་ཀྱི་རྣམ་དཔྱོད་དང་འཇོན་ཐང༌། བྱ་བའི་ཉམས་མྱོང་སོགས་མི་མང་ལ་རྒྱུས་མངའ་ཡོད་པའམ་མི་མང་གི་འདོད་བློ་དང་ཡོངས་སུ་མཐུན་དགོས།
དཔེར་ན། ས་གནས་གཞི་རིམ་ཁག་གི་འགོ་ཁྲིད་ཅིག་འོས་འདེབས་དང༌། ཡང་ན་རྩ་ཁྲིམས་རང་བཞིན་གྱི་ལམ་ལུགས་ཤིག་གཏན་འབེབས་བྱེད་སྐབས་ངེས་པར་དུ་མི་དམངས་ཀྱིས་འོས་ཤོག་བསྡུ་རུབ་ཀྱིས་སྤྱི་མོས་དང་མང་མོས་བརྒྱུད་བསྐོ་བཞག་དང་གཏན་འཁེལ་བྱེད་པ་ཞིག་ཡིན་ལ། བཙན་བྱོལ་བོད་གཞུང་གི་མང་གཙོའི་ལམ་ལུགས་ཀྱང་འདི་ལས་མ་འདས་མོད།
ཡེ་རྡོར་ལྟར་ན་འདི་དག་རྒྱ་གཞུང་གི་འགྲོ་ལུགས་དང་མི་འདྲ་བའི་རྒྱུ་མཚན་གྱིས་སྐྱོན་དུ་མཐོང་ངམ། གུང་ཁྲན་ཏང་གིས་དམངས་གཙོ་རུ་འབོད་པའི་འགྲོ་ལུགས་ཐམས་ཅད་གཅིག་སྡུད་བྱས་ཏེ་གུང་ཁྲན་ཏང་གི་མངའ་འོག་ཏུ་དབང་ཆ་ཡོད་ཚད་སྒེར་འཛིན་བྱེད་ཀྱི་ཡོད་པ་རེད། འདིའི་མིང་ལ་མི་མང་དམངས་གཙོ་སྲིད་དབང་སྒེར་འཛིན་ཟེར་གྱིན་ཡོད། དེ་ནི་རྒྱ་གཞུང་གི་དེང་དུས་རྩ་ཁྲིམས་དང་བཅའ་ཁྲིམས་ཐོག་དངོས་སུ་བཀོད་ཡོད་པ་ཞིག་ལས་འདི་ག་ནས་ང་ཚོས་ཁྱེད་ལྟར་གསར་དུ་ལྷན་པ་བརྒྱབ་པ་ཞིག་ཡེ་ནས་མིན། ཡང་གཅིག་བཤད་ན་བཙན་བྱོལ་བོད་གཞུང་གི་མང་གཙོའི་འགྲོ་ལུགས་ནི་སྲིད་དབང་སྒེར་འཛིན་ལ་ངོ་རྒོལ་བྱེད་མཁན་ཁོ་ན་ཞིག་ཡིན།
དེ་བས་ྋགོང་ས་ཏཱ་ལའི་བླ་མ་དང་ཁོང་གི་སྤུན་མཆེད་དང་གཉེན་ཉེ། ཡང་ན་བོད་མིའི་སྤྱི་ཚོགས་ནང་གི་མི་དྲག་བླ་དཔོན་དང༌། མི་སེར་དཀྱུས་མ་སུ་ཞིག་ཡིན་ཡང་མི་མང་མང་ཚོགས་ཀྱི་བྱ་བའི་དགོས་མཁོར་འཚམས་པ་དང༌། མི་མང་མང་ཚོགས་ཀྱི་འདོད་བློ་དང་མཐུན་པ་ཞིག་ཡིན་ན་སྤྱི་མོས་དང་མང་མོས་ཀྱི་ལམ་ནས་འོས་འདེམས་བསྐོ་བཞག་བྱས་ཆོག་པ་ཞིག་ཡིན། འདི་ནི་ཁྱེད་དང་ཁྱེད་ཀྱི་གཞུང་གི“ དགྲ་གཏོགས་དམངས་གཙོ ”ཟེར་བ་དེ་ཡིན་མིན་མི་ཤེས་མོད། ཉིད་ཀྱིས་བཏོན་པའི་འདྲེན་ཚིག་གི་ནང་དུ“ ངོས་འཛིན་མགྲིན་གཅིག་ཏུ་བྱ ”ཟེར་བ་དང༌། “ རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན ” “རེ་འདུན་དྲག་པོ་བཏོན་པ”སོགས་ནི་ཡང་དག་པའི་མང་གཙོའི་ལམ་ལུགས་འདིར་མངོན་ལྐོག་དང་ཚད་བཀག་མེད་པའི་གནས་ལུགས་ཤིག་བསྟན་ཡོད་པ་ལས། འདིའི་ནང་དུ་རྒྱ་ནག་ལྟ་བུར“ དབང་ཆ་སྒེར་འཛིན ”དང“ གཅིག་སྡུད་གཅིག་གྱུར ”ཟེར་བའི་ཚད་བཀག་རང་བཞིན་དང༌། སྒེར་གཅོད་རང་བཞིན་གྱི་བཀག་རྒྱ་སྤུ་ཙམ་ཡང་མེད་པར་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་འདོད་འདུན་དང་རེ་བ་དྲག་པོ་བཏོན་ཡོད་པའི་བྱ་སྤྱོད་མངོན་གསལ་གྱིས་མཚོན་ཡོད་པར་མ་ཟད། འདི་ནི་འགྲོ་བ་མིའི་ཐོབ་ཐང་དང་ཡང་དག་པའི་མང་གཙོའི་ལམ་ལུགས་དང་ཡོངས་སུ་མཐུན་པ་ཞིག་ཡིན།
གཞན་ཡང་ྋགོང་ས་ཏཱ་ལའི་བླ་མས“ ལས་འཁུར ”དང་ཡང་ན“ ཕྱེད་ལས་འཁྱུར་བྱས་ཏེ་ཁོང་གི་དབང་ཆ་དེ་མང་གཙོའི་བདམས་ཐོན་གྱི་གཞུང་ལ་སྤྲོད་པ། ” “ མི་མང་གིས་ྋགོང་ས་མཆོག་གི་གོ་གནས་བསྐྱར་འདེམས་བྱས་པ ”སོགས་ཀྱི་ཐོག་ནས་ྋགོང་ས་མཆོག་གིས་མི་མང་གི་འདོད་བློ་སྐོང་མི་སྐོང་དེ། མང་གཙོའི་སྤྱི་ཚོགས་སུ་ྋགོང་ས་ཏཱ་ལའི་བླ་མ་ལྟ་བུ་མིའི་རིགས་ཀྱིས་ཡིད་ཆེས་དང་གོང་བཀུར་ཐོབ་མཁན། འཛམ་གླིང་རང་བཞིན་གྱི་སྤྱི་ནོར་དུ་གྱུར་པའི་མི་སྣ་མཚན་སྙན་གྲགས་ཅན་དང༌། དབང་ཐང་རྒྱས་པ་སུ་ཞིག་ཡིན་ཡང་མི་མང་མང་ཚོགས་ཀྱི་འདོད་བློ་དང་ཁེ་ཕན་ལ་མ་བལྟས་པར་སོ་སོའི་ངོས་ནས་སྒེར་གཅོད་དབང་ཤུགས་བཀོལ་མི་ཆོག་པའི་ཡང་དག་པའི་མང་གཙོའི་འགྲོ་སྟངས་ཐད་ཀྱི་ལམ་ཕྱོགས་དང་གནས་ལུགས་ཤུགས་ཆེར་བསྟན་ཡོད།
དེ་ལས་ལྡོག་སྟེ་གུང་ཁྲན་ཏང་གི“ དམངས་གཙོ ”ནི། “ དམངས་གཙོ་གཅིག་སྡུད་ཀྱི་ལམ་ལུགས ”ཟེར་བ་དེ་རེད། དེ་ནི“ དམངས་གཙོའི་རྨང་གཞིའི་ཐོག་གི་གཅིག་སྡུད ”དང༌། “ གཅིག་སྡུད་སློབ་སྟོན་འོག་གི་མང་གཙོ ”གཉིས་ཟུང་དུ་སྦྲེལ་བའི་ལམ་ལུགས་ཤིག་ཡིན། དེའི་གོ་དོན་རྡོག་རྡོག་དེ་ནི་མང་གཙོའི་གོང་ན་གཅིག་སྡུད་ཡོད་པ་དང༌། ཡང་ན་གཅིག་སྡུད་ཀྱི་འོག་ཏུ་མང་གཙོ་ཡོད་པ་ཞིག་ཡིན་པས། དོན་དམ་པར་གུང་ཁྲན་ཏང་གིས་མི་མང་མང་གཙོ་ཕལ་བ་དང“ སྲིད་དབང་སྒེར་འཛིན ”གཙོ་བོར་བཟུང་ཡོད་པ་འདིས། ཁྱེད་ཀྱིས་བཙན་བྱོལ་བོད་གཞུང་ལ་བརྫངས་པའི “ སྲིད་དབང་སྒེར་གཅོད་ཀྱི་ངོ་བོར་ལྟ་བ ”ཞེས་པའི་སྐྱོན་ཚིག་དེ་ཚོ་ཡང་སྐུལ་ལྕག་རྟ་ལ་བྲབས་ཀྱང་ལྕག་ཡུ་རང་ལ་ཐེབས་པ་ཞིག་མ་ཡིན་ནམ།
ཁ་སང་དེ་རིང་བོད་རང་སྐྱོང་ལྗོངས་གཙོ་བྱས་པའི་བོད་ཁུལ་གྱི་ས་གནས་ཁག་མང་པོ་ཞིག་ནས“ རྒྱལ་གཅེས་ཆོས་གཅེས ”ཞེས་པའི་བྱ་འགུལ་རབ་དང་རིམ་པ་ཞིག་སྤེལ་དང་སྤེལ་མུས་སུ་ཡོད་ལ། དེའི་བརྒྱུད་སྒྲོག་གི་ནང་དོན་གཙོ་བོ་ནི“ ཏཱ་ལའི་ཁ་བྲལ་ཚོགས་པར་ངོས་འཛིན་གསལ་བོ་བྱས་ཏེ་གནས་ཚུལ་དངོས་ཤེས་རྟོགས་བྱེད་རྒྱུ ”དེ་ཡིན་ཟེར།
དོན་དམ་པར་ཁོ་ཚོས་ལོ་རྒྱུས་འཁྱོག་བརྗོད་དང་དོན་དངོས་རྫུན་སྒྲིག་གི་ཡོ་ལངས་ཆེན་པོ་ཞིག་བཤམས་དང་ཤོམ་བཞིན་ཡོད། དེ་ནི་གུང་ཁྲན་ཏང་གི་འཛོང་ཁུག་ནང་གཉིད་དུ་ཡུར་བའི་བྱིས་བློ་ཅན་སྐོར་ཞིག་ལ་རྩམ་པ་རང་གིས་རྐུས་ཀྱང་རྩམ་ཁུག་མི་ལ་གཡོག་པའི་སློབ་སྟོན་གནང་སྟེ། ྋགོང་ས་ཏཱ་ལའི་བླ་མ་དང་བཙན་བྱོལ་བོད་གཞུང་ལ་ངན་བཤད་འདྲ་མིན་བྱེད་རྒྱུ་ནི་བོད་རྒྱ་ཆེ་མི་མང་གཙོས་འཛམ་གླིང་མི་མང་ལ་མགོ་སྐོར་བསླུ་བྲིད་བྱེད་པའི་ཐབས་མཆོག་ལྟ་བུར་བརྩིས་ཡོད།
དཔེར་ན། རྒྱ་ནག་དམར་པོའི་སྲིད་གཞུང་དེ“ སྲིད་དབང་སྒེར་གཅོད་ཁྱིམ་རྒྱུད་རིང་ལུགས་པ ”ཞིག་ཡིན་བཞིན་དུ་བཙན་བྱོལ་བོད་གཞུང་ནི“ སྲིད་དབང་སྒེར་གཅོད་པ་ཞིག་རེད ”ཟེར་བ་དང༌། དེ་བཞིན་དུ་ཕྱི་ལོ༡༩༨༩ ལོའི “ ༦ ༤ དོན་རྐྱེན ”ཟེར་བའི་སྐབས་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་ནས་ཉམ་ཆུང་ཉེས་མེད་ཀྱི་ལོ་ཆུང་སློབ་མ་སྟོང་ཕྲག་མང་པོ་སྒྱོགས་ཆེན་དང་མེ་མདའི་སོ་ཁར་དྲངས་ཤིང༌། ལྕགས་ཁྲབ་འཁོར་ལོས་ཀླད་ཞོ་གཏོར་ཏེ་འཛམ་གླིང་ཧྲིལ་པོའི་མི་རྣམས་སྐྱི་གཡའ་བར་བྱས་པའི་དམར་གསོད་ཆེན་མོ་དེ་དང༌། ཕྱི་ལོ་ཉིས་སྟོང་བརྒྱད་ལོར “ ༣ ༡ ༤ ” ཟེར་བའི་མིང་ཐོག་ནས་བོད་མི་བརྒྱ་ཕྲག་མང་པོ་དྲག་ཆས་དམག་དཔུང་གིས་དོན་མེད་དམར་གསོད་བཏང་བ་དང༌། སྟོང་ཕྲག་མང་པོ་ཞིག་བཙོན་བཅུག་དང་གསོན་དུར་དུ་སྦས་པ་སོགས།
ལོ་རྒྱུས་དང་མི་རབས་འདིའི་དཔའ་བོ་ཚོའི་བདེན་པའི་ཟུངས་ཁྲག་གི་ཤ་དྲོད་མ་ཡལ་ཞིང༌། ཤི་གསོན་གྱི་བར་ཐག་ན་ཕ་མ་བུ་ཕྲུག་གི་མིག་ཆུ་སྐམ་ལོང་མེད་པའི་མི་ཡུལ་གྱི་དམྱལ་ཁམས་ཆེན་པོ་འདིའི་ལས་མཁན་གཙོ་བོ་དེ་རྒྱ་ནག“ གུང་ཁྲན་ཏང ” “ སྲིད་དབང་སྒེར་འཛིན ”གྱི་གཞུང་དེ་ཡིན་བཞིན་དུ། ཇི་ལྟར་༧གོང་ས་ཏཱ་ལའི་བླ་མ་གཙོས་པའི་བཙན་བྱོལ་གཞུང་འདི་མི་གསོད་ཁྲག་སྦྱོར་བྱེད་མཁན་གྱི་ཚོགས་པ་ཞིག་ཏུ་གྱུར་སོང་བ་རེད།
འདི་ལྟ་བུའི་ཉེས་མེད་སྙོན་འཛུགས་ཀྱི་རྩོམ་ཡིག་སྤེལ་བ་ནི་ཕོ་བ་བཏུམས་ཀྱང་འཕོངས་མི་ཁེབས་པའི་ལྭ་བ་ཞིག་གི་སྲོལ་དུ་མི་འགྲོའམ། ཁྱེད་ཚོས་ྋགོང་ས་ཏཱ་ལའི་བླ་མཆོག་ནི་ལྷ་རེད་ཟེར་ནའང་འདྲ། མི་རེད་ཟེར་ནའང་འདྲ། ཡང་ན་འདྲེ་རེད་ཟེར་ནའང་ཆོག གང་ལྟར་བོད་དབུ་ནག་གཙོས་འཛམ་གླིང་མི་མང་གི་སེམས་ཁོངས་སུ་ཁོང་ནི་ནམ་ཡང་མི་ནུབ་པའི་མི་རབས་འདིའི་འགྲན་ཟླ་མེད་པའི་དཔའ་བོ་ཞིག་ལ་ངོས་འཛིན་བྱས་ཡོད།
ཡུལ་མདོ་སྨད་ཤར་ཕྱོགས་ཀྱི་མི་ཚང་ཕལ་བ་ཞིག་ཏུ་འཁྲུངས་པའི་གྲྭ་རྐྱང་ཉམ་ཆུང་འདི་ཐམས་ཅད་བསླུ་བར་ནུས་པའི་གསེར་དངུལ་གྱི་བདག་པོ་ཞིག་མིན་ལ། འཛམ་གླིང་དབང་དུ་སྡུད་པའི་རྡུལ་ཕྲན་མཚོན་ཆའི་དམག་དཔོན་ཞིག་དེ་བས་མིན་མོད། ཁོང་གི་བྱམས་བརྩེ་དང༌། དྲང་བདེན། ལྷག་བསམ་དང་བཅོས་མ་མ་ཡིན་པའི་བྱ་སྤྱོད་དམ་ཀུན་སློང་རྣལ་མ་དེར་འཛམ་གླིང་གོ་ལ་འདིའི་གཞི་ཁྱོན་ཀུན་གྱི་རྒྱལ་ཁབ་མང་བོའི་གཞུང་དང༌།
དེ་བཞིན་དུ་ཚོགས་པ་ཁག་དང་མི་སྒེར་བ་མང་བོས་ཀྱང་ཁོང་ལ་དད་སེམས་དང༌། གུས་བརྩི། གོང་བཀུར་དང་ཡིད་ཆེས། ད་དུང་འཛམ་གླིང་ཞི་བདེ་རྟགས་མ་དང༌། ཨ་རིའི་གསེར་གྱི་རྟགས་མ་གཙོས་ཚད་མཐོན་པོའི་ཆེ་མཐོང་སོགས་སྤྲོད་དང་སྤྲོད་ཀྱིན་པ་འདིས་འཛམ་གླིང་མི་མང་གིས་ྋགོང་ས་མཆོག་ལ་ལྟ་སྟངས་ཅི་འདྲ་ཞིག་བཟུང་ཡོད་མེད་ཧ་ཅང་གི་གསལ་བོ་བྱས་ཡོད། འོན་ཀྱང་རྒྱ་ནག་གི་སྲིད་དོན་པ་ཚོས་གཡག་རྭ་ལུག་མགོར་སྦྱར་ནས་འབྲོང་རེད་ཟེར་ན་སུ་ཞིག་གི་རྣ་བར་འགྲོ་སྲིད། མི་འགྲོའོ།།
ཕྱི་ལོ༢༠༠༩ཟླ༡ཚེས༡༧ལ།

1 comment:

ཁྱོད་ཀྱི་བསམ་ཚུལ་གནང་རོགས