ༀ།
རྒྱལ་བ་ཀུན་གྱི་སྤྱན་སྔར་ཐུགས་བསྐྱེད་རྒྱལ་བའི་ཡུམ་གྱུར་མ་ལུས་རྒྱལ་བའི་
ཕྲིན་ལས་ཀུན་སྒྲུབ་མ།
།མྱུར་མ་དཔའ་མོ་དབྱངས་ཅན་མ་དང་བསོད་ནམས་མཆོག་གཏེར་རྣམ་རྒྱལ་རིག་བྱེད་མ་དང་
འཇིགས་བྱེད་མ།
།གཞན་ཀྱིས་མི་ཐུབ་གཞན་ལས་རྒྱལ་དང་སེང་ལྡེང་ནགས་ཀྱི་སྒྲོལ་མ་འཇིག་རྟེན་གསུམ་
རྒྱལ་ནོར་སྟེར་མ།
།བཀྲ་ཤིས་དོན་བྱེད་དགྲ་དཔུང་འཇོམ་མ་ཁྲོ་གཉེར་ཅན་མཛད་རབ་ཞི་མ་དང་འབར་བའི་
འོད་ཅན་མ།
།དཔག་མེད་གནོན་མ་རྨ་བྱ་ཆེན་མོ་མི་ཕམ་རྒྱལ་མོ་རི་ཁྲོད་མ་དང་འོད་ཟེར་ཅན་མར་
འདུད།
།འགྲོ་ཀུན་སྲིད་པའི་མཚོ་ལས་སྒྲོལ་ཕྱིར་བྱང་ཆུབ་ཐོབ་འདོད་བདག་ཀྱང་ཁྱེད་ལ་
རེའོ་རྗེ་བཙུན་མ། ༀ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭྰ་ཧྰ།
།སེང་གེ་གླང་ཆེན་མེ་སྦྲུལ་ཆོམ་རྐུན་དང།
།ལྕགས་སྒྲོག་རྒྱ་མཚོ་ཤ་ཟའི་འཇིགས་པ་རྣམས་།
།ཞི་མཛད་ཟླ་བའི་འོད་ལྟར་བསིལ་བའི་སྐུ།
།རྗེ་བཙུན་སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད།
རྒྱ་གར་གྱི་པཎྚི་ཏ་རྣམས་ཀྱི་ཐུགས་དམ་རྒྱུན་ཁྱེར་གྱི་གསོལ་འདེབས་བྱིན་རླབས་
མྱུར་མགྱོགས་མ་ཞེས་བྱ་བ་འདི་ནི་བསྟན་འགྱུར་ནས་ཁོལ་དུ་བྱུང་པ་བྱིན་རླབས་
མྱུར། ཚར་བརྒྱ་སྟོང་ཁྲི་འབུམ་སོགས་གྲངས་བསགས་པ་ལ་ཉེ་བར་མཁོའོ།།
སྒྲོལ་མ་བསྡུས་པ་བཞུགས་སོ།
ན་མོ་ཨཱརྱ་ཏཱ་རེ་ཡ། ཨོཾ་བཅོམ་ལྡན་འདས་མ་ལྷ་མོ་སྒྲོལ་མ་ལ་ཕྱག་འཚལ་ལོ།།
ཕྱག་འཚལ་སྒྲོལ་མ་ཏཱ་རེ་དཔའ་མོ།། ཏུཏྟཱ་རེ་ཡིས་འཇིགས་ཀུན་སེལ་མ།།
ཏུ་རེས་དོན་རྣམས་ཐམས་ཅད་སྟེར་མ།། སྭཱ་ཧཱ་ཡི་གེ་བཅུ་ལ་རབ་འདུད།།
ཨོཾ་ཏ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ།
འདི་ཡི་ལོ་རྒྱུས་ནི།
ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་སྙེ་ཐང་འོར་དུ་བཞུགས་པའི་ཚེ་ལེགས་པའི་ཤེས་རབ་གློ་
བུར་དུ་བསྙུང་བ་ལ།
འབྲོམ་སྟོན་པས་པྲ་ཕབ་པར་དུས་གཅིག་སྒྲོལ་མ་ཁྲི་ཚར་བཏོན་ན།
ནད་ལས་གྲོལ་ཞེས་བྱུང་བ་ན། ཇོ་བོས་སྒྲོལ་མར་གསོལ་བ་བཏབ་པས།
སྒྲོལ་མས་འདི་གསུངས་པས་དགེ་མཚན་མངོན་སུམ་དུ་བྱུང་།
བྱིན་རླབས་ཆེ་བ་དང་མྱུར་བ་ཡིན།
འདི་ལན་རེ་བརྗོད་ན་སྒྲོལ་མ་ཚར་རེ་བཏོན་པ་དང་མཉམ་པར་གསུངས་སོ།། དགེའོ།།ཚངས་དབྱངས་དྲ་བ་ལས་འདྲེན་བཀོད་བྱས།







No comments:
Post a Comment
ཁྱོད་ཀྱི་བསམ་ཚུལ་གནང་རོགས