དེ་ཡང་༸རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་ཕྱག་ན་པདྨོའི་གདུལ་ཞིང་བསིལ་ལྡན་ཁ་བའི་ལྗོངས་ཏེ་བོད་ཆོས་ལྡན་ཞི་བདེ་ཡི་རྒྱལ་ཁབ་ཆེན་མོ་འདི་ཉིད་འཛམ་གླིང་འཛིན་མའི་གླིང་ཆེན་ལྔ་ཡི་ཡ་གྱལ་ཏེ་དཀྱིལ་ཤར་ཨེ་ཤ་ཡའི་ལྟེ་བར་ཆགས་ཤིང་། ཤར་དུ་རྒྱ་ནག་དང་། བྱ་ཤར་དུ་སོག་པོ། ནུབ་ཏུ་བལ་ཡུལ། རྒྱ་གར་བྱང་ཁུལ། པ་ཀི་སི་ཐན། ཨབ་གྷན་ནི་སི་ཐན། བྱང་དུ་ཏུར་ཀི་སི་ཏན་ཏེ་དེང་གི་ཤིན་ཅང་དང་། ཨུ་རུ་སུ། ལྷོ་ནུབ་ཏུ་རྒྱ་གར་བྱང་ཤར་དང་། འབྲུག ལྷོར་འབར་མ་དང་། བྷང་ལ་དཱེ་ཤི་བཅས་རྒྱལ་ཁབ་ཆེ་ཆུང་བཅུ་གཅིག་གི་དཀྱིལ་དབུས་སུ་གནས་ཡོད་ལ། འཛམ་གླིང་གི་ས་ཐིག་རགས་པའི་དབང་དུ་བཏང་ན་ཤར་གྱི་གཞུང་ཐིག་ (longitudes) ༧༨.༢༤ oE ནས་ ༡༠༥.༥༠ oE བར་དང་། བྱང་གི་ཕྲེད་ཐིག་ (latitudes) ༢༦.༥༢ oN ནས་ ༣༩.༢༠ oN བར་ཁེལ་ཡོད། མངའ་ཁུལ་སྤྱིའི་རྒྱ་ཁྱོན་ལ་ཀེ་ལོ་སྨི་ཊར་གྲུ་བཞི་མ་ (Square Kilometer) ཁྲི་
ཉིས་བརྒྱ་ལྔ་བཅུ་ལྷག་ཡོད་པ་དང་། རྒྱ་མཚོའི་ངོས་ལས་ཆ་སྙོམས་ཀྱི་མཐོ་ཚད་ལ་སྨི་ (meter) བཞི་སྟོང་དགུ་བརྒྱ་ལྷག་ཟིན་པས་གངས་རི་དང་ཆུ་ཀླུང་གི་ཞིང་ཁམས་འདི་ཉིད་འཛམ་གླིང་གི་སྣེ་མོ་གསུམ་པར་གྲགས་ཤིང་། གངས་རི་ཆེན་པོ་ཏེ་སེ་དང་། ཇོ་མོ་གླང་མའམ་ཇོ་མོ་གངས་དཀར། ཉང་སྟོད་ཧ་བོའི་གངས། ཙ་རི་ཏྲ། འབྲོག་ལ་ཕྱིའི་གངས། བསམ་གཏན་གངས་བཟང་། གཉན་ཆེན་ཐང་ལྷ། ཡར་ལྷ་ཤམ་པོ། གངས་དཀར་ཕྱོགས་ལས་རྣམ་རྒྱལ། རྨེ་རུ་གངས་དཀར། རྨ་ཆེན་སྤོམ་ར། གནོད་སྦྱིན་གང་བཟང་། མི་ཉག་གངས་དཀར། རོང་བཙན་ཁ་བ་དཀར་པོ་སོགས་གནམ་འདེགས་ཤེལ་དཀར་གྱི་ཀ་བ་ལྟ་བུའི་གངས་རིའི་མུ་ཁྱུད་ཀྱིས་མཐའ་ནས་བསྐོར་བས་རྒྱུ་མཚན་གྱིས་བོད་རྒྱལ་ཁབ་ཀྱི་མིང་ལའང་གངས་ལྗོངས་དང་། བསིལ་ལྡན་ལྗོངས། ཁ་བ་ཅན་སོགས་སུ་འབོད་ཅིང་། གངས་རི་དང་། རྫ་རི། བྲག་རི། གཡའ་རི། ནགས་རི། སྤང་རི་སོགས་རྩི་ཤིང་ནགས་ཚལ་གྱིས་ཕྱུག་པའི་རི་ཚོམ་དང་། མུ་མཐའ་ཡས་པའི་རྩྭ་ཐང་ཆེན་པོའི་གཞི་ཁྱོན་ཀུན་ཏུ་རྟ་ནོར་ལུག་གསུམ་གྱིས་གཙོས། སྒོ་ཕྱུགས་དཀར་ནག་ཁྲ་གསུམ་དང་། ཤ་བ། རྒོ་བ། གླ་བ། རྐྱང་དང་འབྲོང་། གཙོད་དང་རྣ་གཡག ཕྱི་བ་ཨ་བྲ་སོགས་རྩྭ་གཟན་སྲོག་ཆགས་མང་པོ་དང་། སྟག་གཟིག་དོམ་དྲེད། སྤྱང་ཀི་འཕར་བ། དོམ་ཁྲ། གཡུ་དཀར། སྲེ་མོང་དང་། ཐང་དཀར་། ཐང་ནག གོ་བོ། གོང་མོ། ཁྲ་གླག ངང་ངུར། ཁྲུང་ཁྲུང་སྐེ་ནག སྐྱ་ཀ ཕོ་རོག ཁྭ་ཏ། ནེ་ལེ། ཁུ་བྱུག འཇོལ་མོ། ཅོ་ཀ ནགས་བྱི། ཁང་བྱིའུ་སོགས་འཛམ་གླིང་ཐོག་མཐོང་དཀོན་པའི་རི་སྐྱེས་སེམས་ཅན་མཐའ་ཡས་ཤིང་།
རྒྱལ་རོང་། དགུ་རོང་། ཐེ་རོང་། ཨ་སྟག་རོང་། ཡར་ལུང་སོག་ཁ་ལ་སོགས་འབྲུ་རིགས་སྣ་ལྔའི་འཁྲུངས་ཡུལ་ཀྱི་གཤོང་ས་རོང་ཁུལ་ཡང་ཤིན་ཏུ་མང་པོ་ཡོད།
དེ་བཞིན་དུ་འཇིག་རྟེན་སྐྱེ་འགྲོ་ཀུན་གྱི་ཚེ་སྲོག་གི་གསོས་སུ་གྱུར་པའི་ཆུ་ཀླུང་ཆེན་པོ་ཡར་ཀླུང་གཙང་པོ་སྟེ་རྟ་མཆོག་ཁ་འབབ་བམ་ཆུ་བོ་ལོ་ཧི་ཏ། རྨ་བྱ་ཁ་འབབ་བམ་ཆུ་བོ་གངྒ་། གླང་ཆེན་ཁ་འབབ་བམ་ཆུ་བོ་སིཏཱ། སེངྒེ་ཁ་འབབ་བམ་ཆུ་བོ་སིནྡྷུ། སྐྱིད་ཆུ། ཆུ་བོ་གསེར་ལྡན་ནམ་རྨ་ཆུ། འབྲི་ཆུ། རྒྱལ་མོ་རྔུལ་ཆུ་། རྒྱལ་རོང་རྒྱལ་མོ་རྔུལ་ཆུ། རྫ་ཆུ། ཟླ་ཆུའམ་རྫ་ཆུ། ཉག་ཆུ། བྱ་ཆུ། ནག་ཆུ། འབའ་སྐྱིད་ཆུ། ཙོང་ཆུ། འབའ་ཆུ། མང་ཆུ། རྩེ་ཆུ། ཧང་ཆུ། བསང་ཆུ། དགུ་ཆུ། འབྲུག་ཆུ་སོགས་ཕྱོགས་བཞིའི་རྒྱ་མཚོར་འབབ་པའི་ཆུ་ཀླུང་ཆེན་པོ་ཆུ་ལག་དང་བཅས་པ་རྣམས་དང་། མ་ཕམ་གཡུ་མཚོ་། གནམ་མཚོ་ཕྱུག་མོ། ཡར་འབྲོག་གཡུ་མཚོ། ལྷ་མོའི་བླ་མཚོ། ཚྭ་མཚོ་ཆེན་མོ། ཕག་མཚོ། མཚོ་ཆེན་ཁྲི་ཤོར་རྒྱལ་མོ། མཚོ་སྐྱ་རིང་། མཚོ་སྔོ་རིང་། བེའུ་དུག་མཚོ། སྐྱེམས་མཚོ། སྟོང་རི་མཚོ་ནག་སོགས་གཡུ་ཡི་མཎྜལ་ཕྱིས་འདྲའི་མཚོ་མོ་སྟོང་ཕྲག་མང་པོའི་རྟེན་གཞིར་གྱུར་པའི་རི་མཐོ་ཞིང་ས་གཙང་བ། ཆུ་དང་མཚོ་མོས་བསྐོར་བའི་ཞིང་ཁམས་འདི་ཉིད་འཛམ་གླིང་གི་གཅེས་ནོར་དུ་བརྩི་ཆོག་པའི་ཆུ་མཛོད་ཆེན་པོ་ཞིག་ཏུ་གྲུབ་ཡོད་པ་ནི་རང་བྱུང་ཁོར་ཡུག་གི་ས་གཤིས་གནས་བབ་དང་། བོད་མིའི་སྲོལ་རྒྱུན་རིག་གནས་ཀྱི་སེམས་བསྐྱེད་འབའ་ཞིག་གིས་སྲུང་སྐྱོབ་ཐོག་བཞེངས་བསྐྲུན་བྱས་པ་ཞིག་ཀྱང་ཡིན།
དེ་ལྟ་ན་ཐུན་མོང་མ་ཡིན་པའི་ཕྱི་སྣོད་ཀྱི་ཡུལ་ཁམས་ཆེན་པོ་འདིར་ཆེས་སྔ་བའི་དུས་སུ་ས་ཁུལ་ཕལ་མོ་ཆེ་ཆུས་གང་ཡང་རིམ་གྱིས་རི་བོ་ཆེན་པོ་དག་གི་ཟོམ་ཕྱེས་ནས་ཆུ་རྣམས་གཤོང་སར་བཞུར་ཤུལ་དུ་རི་མཐོ་ས་གཉན་གྱི་གངས་རིའི་ལྗོངས་འདི་ཆགས་ཤིང་བོད་མི་རྣམས་ཀྱང་མི་དང་བསྐལ་པ་བྱུང་བའི་དུས་གང་དེ་ནས་བཟུང་བྱུང་སྟེ་ཡུལ་ཁམས་འདིའི་བདག་པོར་གྱུར།
ཡ་ཐོག་སྤྱི་ཚོགས་སུ་གོས་སུ་ཤིང་ལོ་གྱོན་ཞིང་ཟས་སུ་ཤ་དམར་ཟོས་ཏེ་རིམ་བཞིན་གནོད་སྦྱིན་ནག་པོ་དང་། བདུད། སྲིན་པོ། ཀླུ་དང་བཙན། མ་སངས་རུས་དགུ་སོགས་དབང་མཛད་བཅུ་གཉིས་ཀྱིས་དབང་བྱས་པས། བདུད་ཡུལ་ཁ་རག་དང་། ཤ་ཟ་གདོང་དམར་། བོད་ཁམས་གླིང་དགུ བོད་ཁ་གཡའ་དྲུག་སོགས་ཡུལ་གྱི་མིང་ཡང་སྣ་ཚོགས་བྱུང་བར་གྲགས་ལ། དབང་མཛད་བཅུ་གཉིས། མཐའ་མར་སིལ་བ་བཞི་བཅུར་གྱེས་ཏེ་གནས་ཤིང་། སྒྲུང་དང་། ལྡེའུ། བོན་བཅས་ཀྱིས་བོད་ཀྱི་ཆབ་སྲིད་བསྐྱངས།
ཡོངས་གྲགས་སུ་ཕྱི་ལོའི་གོང་གི་བརྒྱ་ཕྲག་གཉིས་པའི་ནང་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་དབུ་ཚུགས་ཏེ་ཕྱི་ལོ་བརྒྱ་ཕྲག་དགུ་པའི་ནང་འུ་དུམ་བཙན་པོའི་བར་ལོ་གྲངས་ཆིག་སྟོང་བརྒལ་བའི་རིང་གི་བོད་རྒྱལ་གདུང་རབས་ཞེ་གསུམ་གྱིས་རིམ་པས་ཆོལ་གསུམ་བོད་ལྗོངས་ཡོངས་ལ་མངའ་དབང་བསྒྱུར་ཏེ་ཡུལ་གྱི་དབང་རིས་རྣམ་པ་བཅོ་བརྒྱད་དུ་བཅད་པ་དང་། རྒོད་ཀྱི་སྟོང་སྡེ་དྲུག་ཅུ་རྩ་གཅིག་ཏུ་ཕྱེ་བ། གཡུང་གི་མི་སྡེ་ཁེང་དང་ཡང་ཁེང་འབྱེད་པ། དཔའ་སྡེ་གསུམ་གྱིས་མཐའ་ཡི་སོ་ཁ་སྲུང་བ་སོགས་དང་། རྒྱལ་ཁྲིམས་བཅོ་ལྔ། ཁྲིམས་ཆེན་བདུན། མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་བཅས་བཙུགས་ནས་པུར་རྒྱལ་བོད་ཅེས་བྱ་བ་ཤར་གླིང་དབུས་མའི་ནང་དཔུང་སྟོབས་དང་མངའ་ཐང་ཆེ་གྲས་སུ་ཚུད་ཅིང་། བོད་ཀྱི་ས་ཁྱོན་དང་། མི་འབོར། སྐད་ཡིག་བརྡ་སྤྲོད་སོགས་སྤྱི་ཚོགས་དན་རྟགས་རང་བཙན་པ་འབུར་དོད་བྱུང་བ་ནས་བཟུང་སྲིད་འབྱོར་རིག་གསུམ་གྱི་དཔལ་ཡོན་གང་ཐད་ནས་འཕགས་ཡུལ་གཉིས་པ་ལྟ་བུར་གྱུར།
ཕྱི་ལོ་བརྒྱ་ཕྲག་དགུ་པའི་ནང་བོད་བཙན་པོའི་རྒྱལ་ཁབ་ཀྱི་ཆིག་བསྒྲིལ་ནུས་པའི་སྟོབས་ཤུགས་ཉམས་ཏེ་རྒྱལ་ཕྲན་ལམ་ལུགས་སུ་གྱེས་པས་རེ་ཞིག་བོད་སྤྱི་ལ་དབང་བའི་ཆབ་སྲིད་ཚགས་ཚུད་བྱུང་མེད་ཀྱང་། ཕྱི་ལོ་
༡༢༦༠ ནང་འགྲོ་མགོན་ཆོས་རྒྱལ་འཕགས་པས་ཆེན་པོ་ཧོར་དང་མཆོད་ཡོན་གྱི་འབྲེལ་བ་བཙུགས་ཏེ། བོད་སོག་མཛའ་འབྲེལ་གྱི་སྟོབས་ཤུགས་ལ་བརྟེན་ནས་བོད་ས་ཡོངས་ཆོལ་ཁ་གསུམ་དུ་ཕྱེས་ནས་མི་རྟ་ཆོས་གསུམ་གྱི་མཚོན་བྱེད་དུ་གྱུར་པའི་ཞིང་གཅིག་སྟེ། ནང་མི་དྲུག་ལས་མ་ཉུང་བ་ཞིག་ལ་དུད་ཆུང་གཅིག་དང་། དེ་ལྟའི་དུད་ཆུང་ཉེར་ལྔ་ལ་དུད་ཆེན་གཅིག དུད་ཆེན་གཉིས་ལ་རྟ་མགོ་གཅིག རྟ་མགོ་གཉིས་ལ་བརྒྱ་སྐོར་གཅིག བརྒྱ་སྐོར་བཅུ་ལ་སྟོང་སྐོར་གཅིག སྟོང་སྐོར་བཅུ་ལ་ཁྲི་སྐོར་གཅིག ཁྲི་སྐོར་བཅུ་ལ་ཀླུ་གཅིག ཀླུ་བཅུ་ལ་ཞིང་གཅིག་ཏུ་བརྩིས་པས་ཁྱིམ་ཚང་ས་ཡ་གཅིག་དང་ཆེས་ཉུང་མཐའ་ཡང་མི་གྲངས་ས་ཡ་དྲུག་གིས་བདག་པའི་ཆོལ་གསུམ་གྱི་ས་ཁྱོན་ཡོངས་ལ་མངའ་དབང་སྒྱུར་བའི་བོད་གཅིག་གྱུར་སྲིད་དབང་སླར་གསོ་མཛད།
དེའི་རྗེས་ཀྱི་ལོ་སུམ་བརྒྱ་བརྒྱད་ཅུ་ལྷག་གི་རིང་ཕག་གྲུ་དང་། རིན་སྤུངས། གཙང་པ་བཅས་བོད་ཀྱི་སྲིད་སྐྱོང་ལ་འགྱུར་བ་ཡང་ཡང་བྱུང་སྟེ་བོད་ལྗོངས་ཡོངས་ལ་ཁྲིམས་དང་དབང་ལུང་གིས་མ་ཁྱབ་ཅིང་། ནང་ཁུལ་སྡེ་གཟར་མང་བས་བོད་སྤྱིའི་ཆབ་སྲིད་ཀྱི་ནུས་པ་ཧ་ཅང་ཉམས་དམས་སུ་གྱུར།
ཕྱི་ལོ་ ༡༦༤༢ ལོར་༸གོང་ས་ལྔ་པ་ཆེན་པོའི་བོད་གཞུང་དགའ་ལྡན་ཕྲོ་བྲང་དབུ་བརྙེས་པ་ནས་བཟུང་༸རྒྱལ་དབང་སྐུ་ཕྲེང་ན་རིམ་གྱིས་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་དབུ་ཁྲིད་གནང་སྲོལ་ཚུགས་ཤིང་། བོད་ཀྱི་ཆབ་སྲིད་གང་འཚམ་སྲ་བརྟན་དང་། རིས་མེད་རྒྱལ་བསྟན་དར་རྒྱས། བོད་འབངས་རྣམས་རང་དབང་བདེ་སྐྱིད་ཀྱི་འཚོ་བར་རོལ་ཐུབ་པ་བྱུང་ཞིང་། ༸རྒྱལ་དབང་སྐུ་ཕྲེང་ན་རིམ་དགུང་ན་སོན་མཚམས་ཆབ་སྲིད་ཀྱི་མཛད་ཁུར་རིམ་བཞེས་གནང་བའི་ལམ་སྲོལ་ཆགས།
བོད་བཙན་པོའི་རྒྱལ་རབས་ནས་དབུ་བཟུང་སྟེ་གཞུང་ས་དགའ་ལྡན་ཕོ་བྲང་དབར་བོད་ཀྱི་རྒྱལ་ས་ལྷོ་ཁ་དང་ལྷ་ས་རིམ་འགྲོས་ཡིན་ལ་བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོས་བཞེངས་ཤིང་རྒྱལ་རབས་སོ་གཉིས་པ་གནམ་རི་སྲོང་བཙན་བར་གྱི་བཙན་པོ་རིམ་བྱོན་རྣམས་བཞུགས་སའི་ཕོ་བྲང་ཡུམ་བུ་བླ་མཁར་ལ་ད་བར་མི་ལོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ཡོད།
དེ་བཞིན་བོད་རྒྱལ་སྲོང་བཙན་སྒམ་པོ་ནས་གཞུང་དགའ་ལྡན་ཕོ་བྲང་དབར་གྱི་བོད་རྒྱལ་ཁབ་ཀྱི་ཕོ་བྲང་ནི་ལྷ་ས་དམར་པོ་རིར་བརྗིད་ཉམས་ཀྱིས་འགྱིངས་པའི་ཕོ་བྲང་ཆེན་པོ་པོ་ཏཱ་ལ་ཡིན། ཕྱི་ལོ་ ༦༣༥ ལོར་བཙན་པོ་སྲོང་བཙན་སྒམ་པོས་གསར་དུ་བཞེངས་པ་ནས་དེང་གི་བར་ལོ་ངོ་ ༡༣༠༠ ལྷག་གི་ལོ་རྒྱུས་ལྡན་པ་དང་། ཕྱི་ལོ ༡༦༥༢ ལོར༸གོང་ས་ལྔ་པ་ཆེན་པོས་ཕོ་བྲང་དཀར་པོ་གསར་བཞེངས་མཛད་པ་དང་། ཕྱི་ལོ ༡༦༩༠ ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཕོ་བྲང་དམར་པོ་དང་གསེར་སྡོང་འཛམ་གླིང་རྒྱན་གཅིག་བཞེངས་འགོ་ཚུགས་ནས་ཕྱི་ལོ་ ༡༦༩༣ ལོར་ཡོངས་སུ་ལེགས་པར་གྲུབ་རྗེས་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་ན་རིམ་གྱིས་ཉམས་གསོ་དང་རྒྱ་སྐྱེད་རིམ་པར་གནང་སྟེ་ད་ཡོད་ཀྱི་གཞི་ཁྱོན་ལྟར་ཆགས།
ཕོ་བྲང་པོ་ཏཱ་ལ་ནི་བོད་མི་རིགས་ཀྱི་ཞུམ་མེད་སྙིང་སྟོབས་དང་བློ་གྲོས་ཀྱི་ཉིང་བཅུད་འདུས་པའི་འཛམ་གླིང་ཐོག་མཐོང་དཀོན་པ་ཡི་གཞི་རྒྱ་ཆེན་པོའི་འཛུགས་བསྐྲུན་ཞིག་ཡིན།
མཐོ་ཚད་ལ་ཐོག་རྩེག་བཅུ་གསུམ་ཏེ་སྨི (meter) ༡༡༧ དང་། ཤར་ནུབ་ཀྱི་རིང་ཚད་སྨི་ (meter) ༣༦༠ ལྷག ལྷོ་བྱང་གི་རིང་ཚད་སྨི (meter)
༢༧༠ ཡོད་པ་དང་། ཁྱོན་ཁང་མིག་ཆེ་ཆུང་སྟོང་ཕྲག་གཅིག་ལྷག་ཡོད་པ་དག་ནི། རྒྱལ་པོ་ལྕོག་དང་། བསྟན་མ་ལྕོག གཡུལ་རྒྱལ་ལྕོག ཤར་ཆེན་ལྕོག་བཅས་ལྕོག་ཆེན་བཞི་དང་། དཀྱིལ་དུ་ཚོམས་ཆེན། སྟེང་གི་བྱང་ངོས་སུའང་ཚོམས་ཆེན། གཟིམ་ཆུང་ཤར་ནུབ་སོགས་དང་། ཆོས་རྒྱལ་སྒྲུབ་ཕུག འཕགས་པ་ལྷ་ཁང་། ས་གསུམ་རྣམ་རྒྱལ། ཕུན་ཚོགས་བཀོད་པ། བཀའ་གདམས་འཁྱིལ། དབང་ཁང་། བླ་མ་ལྷ་ཁང་། ལི་མ་ལྷ་ཁང་། སྨན་བླ་ཁང་། དགའ་ལྡན་ཕུན་ཚོགས་འཁྱིལ། དུས་འཁོར་ལྷ་ཁང་། བཀའ་འགྱུར་ལྷ་ཁང་། ཚོམས་ཆེན་སྲིད་ཞིའི་ཕུན་ཚོགས། གསེར་སྡོང་འཛམ་གླིང་རྒྱན་གཅིག འཁྲུངས་རབས་ལྷ་ཁང་། ལམ་རིམ་ལྷ་ཁང་། རིག་འཛིན་ལྷ་ཁང་། ཀུན་བཟང་རྗེས་འགྲོ་ཁང་། ༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ནས་བཅུ་གསུམ་བར་གྱི་གསེར་སྡོང་ཁག་གི་བཞུགས་གནས། རྣམ་རྒྱལ་གྲྭ་ཚང་གི་འདུ་ཁང་དང་གྲྭ་ཤག གཞུང་ས་མཆོག་གི་ལས་ཁུངས། ཡིག་ཚང་། རྩེ་སློབ་གྲྭ་སོགས་ལས་གྲུབ་ཡོད་པ་བཅས་ཕོ་བྲང་པོ་ཏཱ་ལ་ནི་བོད་རྒྱལ་ཁབ་དང་མི་རིགས་ཀྱི་མཚོན་བྱེད་སྒྲིབ་གཡོགས་བྲལ་བ་ཞིག་ཡིན་པར་མ་ཟད་འཛམ་གླིང་ཐོག་གི་གནའ་ཤུལ་རིག་དངོས་ཆེས་རིན་ཐང་བྲལ་བ་ཞིག་ཏུའང་གྱུར་ཡོད།
དེ་བཞིན་བོད་རྒྱལ་ཁབ་ཀྱི་རྒྱལ་དར་ཡང་སྲིད་ལུགས་ཀྱི་འཕེལ་འགྲིབ་དང་བསྟུན་ཏེ་འགྱུར་འགྲོས་རིམ་པར་ཕྱིན་ནས་ཕྱི་ལོའི་བརྒྱ་ཕྲག་བདུན་པའི་ནང་བོད་རྒྱལ་སྲོང་བཙན་སྒམ་པོའི་སྐབས་བོད་ཀྱི་དམག་དཔུང་གི་ནང་ཚན་གཡོན་རུ་སྟོད་ཀྱི་རུ་དར་སེང་གེ་ཁ་སྤྲོད་དང་། གཡས་རུ་སྨད་ཀྱི་རུ་དར་སེང་གེ་གོང་བཀྲ། གཙང་རུ་ལག་གི་རུ་དར་སེང་གེ་གནམ་སྒྲེང་། དབུ་རུ་སྟོད་ཀྱི་རུ་དར་དམར་པོ་ལ། མེ་ལྕེ་དཀར་པོ་གསལ་བ་ཞེས་སོགས་དམག་རུ་སོ་སོའི་རུ་དར་རྣམ་པ་མི་འདྲ་བ་རེ་རེ་ཡོད་པའི་གནའ་སྲོལ་དག་རིམ་བརྒྱུད་ཀྱིས་ལོ་རབས་ཉི་ཤུ་པའི་འགོ་སྟོད་བར་བོད་དམག་གི་རུ་དར་གཞི་དམར་པོའི་ངོས་སུ་སེང་གེ་ཁ་སྤྲོད་དང་། སེང་གེ་གནམ་མཆོངས་ཀྱི་རི་མོས་བརྒྱན་པ་ཅི་རིགས་ཡོད་ཅིང་། ཕྱིས་སུ་ཕྱི་ལོ་ ༡༩༡༨ ལོར་བོད་དམག་རྣམས་ཨིན་ལུགས་སུ་བསྒྱུར་གནང་མཛད་པ་དང་ཆབས་ཅིག་དེང་གི་གངས་སེང་རྒྱལ་དར་འདི་ཉིད་རྩ་བ་སྔར་ཡོད་ལ་གཞི་བཅོལ་གྱིས་རྒྱས་སྤྲོས་མཛད།
རྒྱལ་དར་འདིས་བོད་རྒྱལ་ཁབ་ཀྱི་ཕྱིའི་སྣོད་ཀྱི་བཀོད་པ་དང་ནང་བཅུད་ཀྱི་བོད་མིའི་སྤྱི་ཚོགས་ཀྱི་དར་རྒུད་འཕེལ་རིམ་མཚོན་ཡོད་པས། སྤྱི་ཚོགས་ཀྱི་དན་རྟགས་རིང་ནས་གྲུབ་པའི་རྒྱལ་ཁབ་ཅིག་གི་བྱུང་བ་ལྷུག་པོར་བརྗོད་ཡོད་པ་མ་ཟད། དེང་གི་ཆ་ལའང་ཆོལ་གསུམ་བོད་མི་ཡོངས་ཀྱིས་ཡབ་མེས་ཀྱི་གཅེས་ནོར་རིན་ཐང་བྲལ་བ་འདི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟར་ཆེ་མཐོང་དང་གོང་བཀུར་བླ་མེད་ཞུ་བཞིན་ཡོད་ལ། གངས་སེང་རྒྱལ་དར་གྱི་མཚོན་དོན་ནི་ “ དབུས་སུ་ལྷུན་སྟུག་གངས་ཀྱི་རི་བོ་བརྗིད་ཆགས་སུ་གནས་པས་གངས་རིས་བསྐོར་བའི་ཞིང་ཞེས་ཡོངས་སུ་གྲགས་པའི་བོད་རྒྱལ་ཁབ་ཆེན་པོའི་ཡུལ་གྱི་བཀོད་པ་མཚོན། ནམ་མཁའི་ངོས་སུ་འོད་མདངས་དམར་པོ་དྲུག་འཕྲོ་བས། སེ་དང་། རྨུ། ལྡོང་། སྟོང་། འབྲུ། དབྲ་སྟེ་བོད་མི་རིགས་ཀྱི་ཕྱི་མོ་མིའུ་གདུང་དྲུག་མཚོན། རིགས་ཀྱི་ཁ་དོག་དམར་པོ་དང་། ནམ་མཁའི་ཁ་དོག་སྔོ་ནག་སྤེལ་བས། རིང་ནས་འགོ་བའི་ལྷ་སྲུང་དམར་ནག་གཉིས་ཀྱིས་བསྟན་སྲིད་སྲུང་སྐྱོང་གི་འཕྲིན་ལས་གཡེལ་མེད་དུ་སྒྲུབ་པར་མཚོན། གངས་རིའི་རྩེ་ནས་ཉི་མ་ཤར་བའི་འོད་ཟེར་རྒྱ་ཁྱབ་ཏུ་འཕྲོ་བས། བོད་ལྗོངས་སྐྱེ་འགྲོ་ཡོངས་ཀྱི་རང་དབང་ཆོས་འབྱོར་བདེ་སྐྱིད་ཀྱི་སྣང་བར་ཀུན་སྙོམས་སུ་ལོངས་སྤྱོད་པ་མཚོན། གངས་རིའི་ངོགས་སུ་མི་འཇིགས་གདོང་ལྔ་འབར་བའི་སེང་གེ་ཟུང་རྣམ་པར་འགྱིངས་བས་ཆོས་སྲིད་ཟུང་དུ་འབྲེལ་བའི་རྒྱལ་ཐབས་ཆབ་སྲིད་ཀྱི་འཕྲིན་ལས་ཀུན་ལས་རྣམ་པར་རྒྱལ་བ་མཚོན། གོང་ན་ནོར་བུ་ཁ་དོག་གསུམ་ལྡན་འོད་འབར་བ་མཛེས་པས། བོད་མི་ཡོངས་ཀྱིས་རྟག་ཏུ་སྐྱབས་གནས་དཀོན་མཆོག་རིན་ཆེན་རྣམ་གསུམ་གཙུག་ཏུ་བཀུར་བ་མཚོན། སེང་གེ་གཉིས་ཀྱི་ལག་ཏུ་ནོར་བུ་དགའ་འཁྱིལ་ཁ་དོག་གཉིས་ལྡན་ཞིག་བཟུང་བས། ལྷ་ཆོས་དགེ་བ་བཅུ་དང་། མི་ཆོས་གཙང་མ་བཅུ་དྲུག་སྙིང་པོར་གྱུར་པའི་ལུགས་ཟུང་བླང་དོར་གྱི་རང་ཁྲིམས་གཅེས་སྲུང་བྱེད་པ་མཚོན། མཐའ་ལྕགས་ཁ་དོག་སེར་པོས་བརྒྱན་པས། གསེར་སྦྱང་བཙོ་མ་ལྟ་བུའི་སངས་རྒྱས་ཀྱི་བསྟན་པ་ཕྱོགས་དུས་མུ་མེད་དུ་དར་ཞིང་རྒྱས་པ་མཚོན་” པ་བཅས་ཡིན།
ཕྱི་ལོ་བརྒྱ་ཕྲག་བཅུ་དགུ་པའི་མཇུག་དང་ཉི་ཤུ་པའི་འགོ་ཙམ་ནས་སྲིད་ཕྱོགས་ཀྱི་ལས་དོན་སྤྱི་དང་། ཁྱད་པར་རྒྱལ་སྤྱིའི་ནང་ཕྱི་འབྲེལ་ཇི་བཞིན་མ་བྱུང་ཁར། ༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པས་ཆབ་སྲིད་ཀྱི་མངའ་དབང་བཞེས་པ་ནས་རིང་པོར་མ་སོང་བར་འགལ་རྐྱེན་སྣེ་མང་དབང་གིས་སོག་ཡུལ་དང་། རྒྱ་ནག རྒྱ་གར་བཅས་སུ་ཕེབས་དགོས་བྱུང་སྟེ་སླར་རྒྱལ་ཁབ་ཏུ་༸ཞབས་སོར་འཁོད་བསྟུན་བོད་ཀྱི་མངའ་དབང་གི་གནས་བབ་བསྐྱར་ནན་གསལ་བསྒྲགས་དང་འབྲེལ། བར་སྐབས་རྒྱལ་སྤྱིའི་གནས་ཚུལ་གཟིགས་རྟོག་ཇི་བྱུང་བཞིན་བོད་འབངས་བདེ་ཐབས་དང་། ཆབ་སྲིད་ཕྲ་ཚུགས་ཐབས་སུ་དེང་རབས་ཀྱི་སློབ་གསོ་དང་། སྔར་གྱི་ལམ་ལུགས་ལེགས་བཅོས་ཀྱིས་ཕྱི་ལོ་ ༡༨༩༠ ལོའི་རྗེས་ནས་བོད་ཀྱི་ཤོག་དངུལ་ཊམ་ལྔ་བཅུ་དང༌། ཊམ་ཉེར་ལྔ་
སོགས་དང༌། ཟངས་ཊམ་བཅུ་སྒོར་པར་འགྲེམས་གནང་བ་མ་ཟད། གསེར་
ཊམ་ཡང་པར་འདེབས་མཛད།
ཕྱི་ལོ་ ༡༩༡༣ ལོར་སྦྲག་ཟམ་དང༌། ཏར་ཁང་གསར་འཛུགས་ཀྱིས་
སྦྲག་འཛིན་ཁ་གང་དང༌། སྐར་ལྔ། སྐར་ཕྱེད་བརྒྱད། ཞོ་གང༌། ཊམ་གཅིག ཊམ་གཉིས་སོགས་འདོན་སྤེལ་བྱས་ཏེ་ཡིག་སྐྱེལ་ཏར་གཏོང་གི་ལམ་ཁ་གསར་དུ་བཙུགས། དེ་བཞིན་ས་གཏེར་འཚོལ་ཞིབ་དང༌། གློག་ལས་སྦྲག་ཏར་སོགས་ཀྱི་ཤེས་བྱ་སྦྱོང་མི་ཨིན་ཡུལ་ལོན་ཊོན་དུ་སློབ་གཉེར་ལ་ཆེད་གཏོང་མཛད།
ཕྱི་ལོ་ ༡༩༡༤ ལོར་བོད་དུ་དྲག་པོའི་དམག་དཔུང་གི་སྒྲིག་འཛུགས་ལ་ལེགས་སྒྲིག་དང་རྒྱ་བསྐྱེད་མཛད་དེ་ཉི་འོང་དང༌། ཨུ་རུ་སུ། ཨིན་ཇི། རྒྱ་ལུགས་བཅས་ཀྱི་དམག་རྩལ་སྦྱོང་བརྡར་མཛད།
ཕྱི་ལོ་ ༡༩༡༦ ལོར་སྨན་རྩིས་ཁང་གསར་འཛུགས་གནང་ཞིང༌ཕྱི་ལོ་ ༡༩༡༦ ནས་ ༡༩༢༣ གྲོང་ཁྱེར་སྐོར་སྲུང་དམག་ (police) སྒར་གསར་འཛུགས་དང༌། ཇ་ཤིང་འདེབས་ལས་ཚོད་ལྟ། ཨིན་ཡིག་སློབ་གྲྭ་བཙུགས་པ། ཕྱི་ལོ་ ༡༩༢༧ ལོར་རྒྱ་གར་ནས་སྣུམ་འཁོར་ནང་འདྲེན་དང་རྒྱ་ལམ་གསར་བཟོ། གློག་ཤུགས་བཟོ་བསྐྲུན་གྱིས་ཚོན་ཁྲ་ཅན་གྱི་བོད་ཀྱི་ཤོག་དངུལ་གསར་གཏོད་མཛད་ཅིང༌། ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག་ཅིག་བོད་དུ་འཛུགས་པ་དང་། བོད་ཀྱི་སྐུ་ཚབ་དོན་གཅོད་རྒྱ་ནག་ནན་ཅིན་དུ་བཙུགས་པ། རི་རྒྱ་ཀླུང་རྒྱ་བསྡམས་ནས་རང་བྱུང་སྐྱེ་དངོས་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ། ས་འགོ་ཆུ་ཡུར་གསར་བསྐྲུན་དང་བཟོ་ལས་ཐོན་སྐྱེད་སྣ་མང་ཅན་དུ་བསྒྱུར་པ་སོགས་གསར་དར་ལས་རིགས་ལ་ཐུགས་བརྩོན་གནང་སྟེ་རླབས་ཆེན་གྱི་གྲུབ་འབྲས་བྱུང་། མདོ་དོན་༸རྒྱལ་དབང་ལྔ་པ་ཆེན་པོ་ནས་༸རྒྱལ་མཆོག་སྐུ་ཕྲེང་ན་རིམ་གྱིས་བོད་སྤྱིའི་ཆབ་སྲིད་ཀྱི་མངའ་དབང་ལོ་བཞི་བརྒྱར་ཉེ་བའི་རིང་སྲ་བརྟན་འཛིན་སྐྱོང་ཐུབ་པ་བྱུང་ཡོད།
ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་དམར་པོའི་དཔུང་དམག་གིས་བོད་ལ་དྲག་པོའི་བཙན་འཛུལ་བྱེད་འགོ་བཙུགས་ཤིང་། ཕྱི་ལོ་ ༡༩༥༠ ལོར་བོད་ཀྱི་གནས་སྟངས་སྤྱི་ཡོངས་ནས་ཛ་དྲག་གཉན་འཕྲང་ཅན་དུ་གྱུར་པའི་སྐབས་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དགུང་གྲངས་ ༡༦ ་ལས་སོན་མེད་ཀྱང་ཆབ་སྲིད་ཀྱི་འགན་དབང་འབུལ་བཞེས་གནང་དགོས་པ་བྱུང་ཞིང་། ཕྱི་ལོ་ ༡༩༥༡ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཙན་འོག་ཏུ་ “ གྲོས་མཐུན་དོན་ཚན་བཅུ་བདུན་” ཟེར་བ་འཇོག་དགོས་བྱུང་སྟེ་ལོ་བརྒྱད་ཙམ་རིང་གནས་ཐབས་མཛད་ཀྱང་རྒྱ་ནག་གཞུང་གི་དབང་འཛིན་པས་གྲོས་མཐུན་གྱི་དོན་ཚན་ཁག་ལ་རྩིས་མེད་དང་བོད་མིར་དྲག་གནོན་དབང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཀའ་ཤག་བཅས་གཡུལ་རྒྱལ་ལྷུན་རྩེ་རྫོང་དུ་བོད་གཞུང་སྤོ་བཤུག་དང་འབྲེལ་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བཙན་འོག་ཏུ་འཇོག་དགོས་བྱུང་བའི་གསལ་བསྒྲགས་བསྐྱངས།
དེའི་རྗེས་བཙན་བྱོལ་དུ་ཕེབས་འབྱོར་བྱུང་མ་ཐག་རྒྱ་གར་གྲོང་ཁྱེར་ཏེཛ་པུར་དུ་ཕྱི་ལོ་ ༡༩༥༩ ཟླ་ ༤ ཚེས་ ༡༨ ཉིན་“ གྲོས་མཐུན་དོན་ཚན་བཅུ་བདུན་” ཟེར་བ་དེ་ངོས་ལེན་མེད་པའི་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་ཤིང་། གཞིས་བྱེས་བོད་མི་ཡོངས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཁོང་གི་བཀའ་ཤག་གང་དུ་ཡོད་པ་དེར་བོད་མིའི་ཁྲིམས་མཐུན་གྱི་གཞུང་ཡོད་པར་ཡིད་ཆེས་དང་ངོས་འཛིན་ཞུ་བཞིན་ཡོད་ཅེས་ཡོངས་ཁྱབ་གནང་།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འཁྲིད་པའི་བཙན་བྱོལ་བོད་གཞུང་རྒྱ་གར་དུ་གཞི་ཚུགས་པ་དང་མཉམ་དུ་༸གོང་ས་༸སྐྱབས་མགོན་ཆེན་པོས་རིང་ནས་ཐུགས་ལ་བརྣགས་པའི་ཡང་དག་པའི་མང་གཙོའི་ལམ་ལུགས་གསོལ་བསྩལ་གནང་སྟེ་ཕྱི་ལོ་ ༡༩༦༠ ལོར་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་བསྐྱངས་པ་དང་། ཕྱི་ལོ་ ༡༩༦༡ ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་སྙིང་དོན་དང་། ཕྱི་ལོ་ ༡༩༦༣ ལོར་བོད་ཀྱི་རྩ་ཁྲིམས་ཡོངས་ཁྱབ་གསལ་བསྒྲགས་གནང་། ཕྱི་ལོ་ ༡༩༩༡ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་མིང་དོན་མཚུངས་པའི་ཁྲིམས་བཟོ་ལྷན་ཚོགས་སུ་བསྒྱུར་གནང་མཛད་པ་ལྟར། སྤྱི་འཐུས་སྐབས་བཅུ་གཅིག་པས་གཏན་ལ་ཕབ་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༢༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོག་མཆན་བསྩལ་བ་བཅས་ལ་བརྟེན་ནས། བཙན་བྱོལ་བོད་གཞུང་འདི་གཞི་རྩའི་ཁྲིམས་ཡིག་ཡོད་པའི་དེང་རབས་མང་གཙོའི་འགྲོ་ལུགས་དང་མཐུན་པ་ཞིག་ཏུ་བསྒྱུར་གནང་མཛད།
ཕྱི་ལོ་ ༢༠༠༡ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཅའ་ཁྲིམས་བསྐྱར་བཅོས་དགོས་པའི་བཀའ་དགོངས་ལྟར་། བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་བྱས་ཏེ་མང་གཙོའི་འཕེལ་རིམ་ནང་མདུན་བསྐྱོད་ཆེན་པོ་ཞིག་བྱུང་ཡོད།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་། ༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་ན་རིམ་གཞུང་གི་འགན་འཛིན་དང་། རྒྱལ་ཁབ་ཀྱི་དབུ་འཛིན་ཡིན་པའི་ཆ་རྐྱེན་བསྐྲུན་ཡོད་ཀྱང་། ད་ཆ་མང་གཙོའི་འཕེལ་རིམ་ཡོངས་སུ་རྫོགས་པའི་ཆེད་དང་། བོད་མི་རྣམས་གང་ཟག་གཅིག་ལ་བརྟེན་མི་དགོས་པར་འཕྲལ་ཡུན་དགག་དགོས་རྒྱུ་མཚན་དུ་མར་གཟིགས་ཏེ། ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༡ (ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༤ ཉིན་གྲོས་ཚོགས་སུ་སྙན་གསན་གནང་།) ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་འགན་དབང་བཞེས་རྒྱུ་མིན་པ་དང་། འབྱུང་འགྱུར་ཆབ་སྲིད་དང་འཛིན་སྐྱོང་གཉིས་ཀའི་འགོ་འཁྲིད་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་ལས་ཀྱི་སྣེ་མོ་བ་རྣམས་ཀྱིས་བྱེད་དགོས་པ་དང་། དེའི་ཆེད་བཅའ་ཁྲིམས་ཀྱི་སྒྲོམ་གཞིར་བསྐྱར་བཅོས་དགོས་པའི་བཀའ་ལྕི་བཟློག་མེད་གྲོས་ཚོགས་སུ་ཕེབས་པ་ལ་བསྐྱར་དུ་དགོངས་བཞེས་ཡོང་བའི་གསོལ་བ་བཏབ་ཀྱང་ཞལ་བཞེས་མ་གནང་བར་ཕྱིར་སློག་བྱུང་བ་དང་། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་སྐུ་ཕྲེང་རིམ་བྱོན་ནས་བོད་རྒྱལ་ཁྱབ་ཀྱི་དབུ་འཁྲིད་ཀྱི་མཛད་འཁུར་སྐྱོང་བཞེས་ཡོད་བའི་གསོལ་འདེབས་ཀྱང་ཞལ་བཞེས་མ་གནང་བ་བཅས་ལ་བརྟེན། བཀའ་དགོངས་དང་ལེན་མ་ཞུས་ཐབས་མེད་དུ་གྱུར་ཏེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བཞི་པའི་ཚོགས་དུས་འཕར་མ་ཞིག་ཚོགས་ནས་བཅའ་ཁྲིམས་བསྐྱར་བཅོས་ཉེར་ལྔ་པ་བྱས་པ་དང་ཆབས་ཅིག་བོད་མིའི་སྒྲིག་འཛུགས་འདི་ཉིད་མངའ་དབང་ལྡན་པའི་བོད་མི་ཡོངས་ཀྱི་ཁྲིམས་མཐུན་གྱི་དབང་ལྡན་འཛིན་སྐྱོང་པ་དང་། ངོ་ཚབ་ཡིན་པའི་ངོ་བོ་རྒྱུན་སྐྱོང་ཐོག་ད་ཡོད་བཅའ་ཁྲིམས་ལེའུ་བཅུ་གཅིག་གཞིར་བཟུང་། ༸གོང་ས་༸སྐྱབས་མགོན་ཆེན་པོས་བཅའ་ཁྲིམས་བསྐྱར་བཅོས་ལ་ཆོག་མཆན་བསྩལ་བའི་སྒོ་ནས་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྲིད་ཕྱོགས་ཀྱི་འགན་དབང་ཁག་འོས་འདེམས་བྱས་པའི་འགོ་འཁྲིད་ཚོར་བསྩལ་ཏེ་དེ་དག་གཞིས་བྱེས་བོད་མི་ཡོངས་ཀྱི་ངོ་ཚབ་དང་སྲི་ཞུ་སྒྲུབ་པའི་ནུས་ལྡན་དུ་མཛད་པ་བཅས་བོད་རྒྱལ་ཁབ་ཀྱི་སྤྱི་བཤད་སྙིང་བསྡུས་རེ་ཞིག་རྫོགས་པར་བགྱིས།།
No comments:
Post a Comment
ཁྱོད་ཀྱི་བསམ་ཚུལ་གནང་རོགས